༢༠༡༢ ཟླ་ ༡༢ ཚེས་ ༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༧ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་ནས་ཕྱི་ཟླ་ ༡༢ ཚེས་ ༡༤ བར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་དུས་དྲན་སྲུང་བརྩི་ཞུ་རྒྱུའི་མཛད་སྒོར་ཕེབས་ཞུགས་དང། དིལླིར་གནད་ཡོད་མི་སྣ་ཁག་དང་གསར་འགོད་པ་ཐུག་འཕྲད། དེ་བཞིན་ཆེས་མཐོའི་གཙུག་ལག་སློབ་གྲྭ་ཆེན་མོ་ཞིག་ནང་གསུང་བཤད་གནང་རྒྱུ་སོགས་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།
དེ་ཡང་སྲིད་སྐྱོང་མཆོག་ཕྱི་ཚེས་ ༧ ཉིན་འཇམ་མུར་ཕེབས་ཐོན་གྱིས་ཁུལ་དེ་ནས་མཁའ་ལམ་བརྒྱུད་དིལླིར་ཕེབས་རྒྱུ་དང། ཕྱི་ཚེས་ ༨ ཉིན་དིལླི་ནས་མཁའ་ལམ་བརྒྱུད་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གྲོང་ཁྱེར་དུ་ཕེབས་འབྱོར་གནང་སྟེ། ཁུལ་དེར་གསར་འགོད་ལྷན་ཚོགས་སུ་མཉམ་ཞུགས་གནང་རྒྱུ་མ་ཟད། མི་སྣ་ཁག་གཅིག་མཇལ་འཕྲད་གནང་རྒྱུ་ཡིན། དེ་རྗེས་བྷེང་ལོར་ནས་མེ་འཁོར་བརྒྱུད་ཧུབ་བྷཱ་ལི་ (Hubli) དང་ཧུབ་བྷཱ་ལི་ནས་ཕྱི་ཚེས་ ༩ མོན་གྷོ་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་གནང་སྟེ། ཕྱི་ཚེས་ ༡༠ ཉིན་ས་གནས་སུ་༸གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་མཉམ་ཞུགས་གནང་རྗེས། ཕྱི་ཚེས་ ༡༡ ཉིན་མོན་གྷོ་ནས་ས་ཐོག་བརྒྱུད་གྷོ་བ་དང་། དེ་ནས་མཁའ་ལམ་བརྒྱུད་དིལླིར་ཕེབས་འབྱོར་གནང་རྒྱུ་དང། ཕྱི་ཚེས་ ༡༣ ཉིན་དིལླིར་གཞུང་འབྲེལ་ལས་དོན་གྲུབ་རྗེས་ཕྱི་ཚེས་ ༡༤ ཉིན་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས།།