༢༠༡༢ ཟླ་ ༡༢ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༥ རེས་གཟའ་ལྷག་པའི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག ཕྱི་དྲིལ་དྲུང་འཕར་བཀྲ་ཤིས་ཕུན་ཚོགས་ལགས་བཅས་དབུ་ཞུགས་ཐོག
ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༠ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་ཞུ་བ་དང་སྟབས་བསྟུན། དེ་ཉིན་རྒྱལ་སྤྱིའི་བོད་དོན་ཆེད་གདུང་སེམས་མཉམ་སྐྱེའི་ལས་འགུལ་གཞི་རྒྱ་ཆེན་པོའི་ཐོག་སྤེལ་རྒྱུའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད། དེ་ཡང་ཐོག་མར་ཕྲི་དྲིལ་དྲུང་འཕར་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཐེངས་འདིར་འདུ་འཛོམས་བྱུང་བའི་ཕྱི་ནང་གི་གསར་འགོད་པ་གྲངས་ ༤༠ བརྒལ་བར་གསར་འགོད་གསལ་བསྒྲགས་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་།
དེ་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་འཁོད་དོན།
ཕྱི་ལོ་ ༢༠༡༢ ལོའི་གསུམ་བཅུའི་དུས་དྲན་གྱི་གཏམ་བཤད་སྐབས་ངས་བོད་མི་དང་བོད་པའི་གྲོགས་པོ་རྣམས་ལ་ཕྱི་ལོ་ ༢༠༡༢ ལོ་འདི་བཞིན་བོད་དོན་རྒྱབ་སྐྱོར་ཆེད་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་ལོ་ཞིག་ཏུ་འགྱུར་རྒྱུའི་འབོད་སྐུལ་ཞུས་པ་ལྟར། ཡུ་རོབ་སྤྱི་མཐུན་ཚོགས་པ་དང་ཕ་རན་སི། ཨི་ཊ་ལི། ཨ་རི་བཅས་ཀྱི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་པ་མ་ཟད། ཨོ་སི་ཊོ་ལི་ཡ་དང་བྷར་སིལ། ཁེ་ཎ་ཌ། ཡུ་རོབ་སྤྱི་མཐུན་ཚོགས་པ། ཕ་རན་སི། ཇར་མན། ཨི་ཊ་ལི། རྒྱ་གར། ཉི་ཧོང། ལྷོ་ཨ་ཕི་རི་ཀ། ཨ་རི་སོགས་ཀྱི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་བར་བརྟེན། འབོད་སྐུལ་ཞུས་པ་དེ་ལམ་ལྷོངས་ལྡན་པ་ཞིག་བྱུང་ཡོད།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཙོ་བོར་གྱུར་བའི་སྲིད་གཞུང་ཁག་དང་རྒྱལ་ཁབ་མང་པོའི་གྲོས་ཚོགས་ཀྱིས་བོད་ནང་གི་གནས་ཚུལ་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས་ལ་དོ་སྣང་དང་སེམས་ཚབ་ཀྱི་རྣམ་པ་བསྟན་པ་མ་ཟད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་ལྕམ་སྐུ་ནི་ཝི་པིལ་ལེ་མཆོག་དང་། རྒྱ་ནག་ཏུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་གེ་རི་ལོཀ་མཆོག་གིས་བོད་དོན་བསྒྲགས་གཏམ་སྤེལ་བ་དང། དེ་བཞིན་རྒྱལ་སྤྱིའི་ཉེ་ཡངས་ཚོགས་པ་དང་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས། འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚོགས་པ། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ལྷན་ཁང་བཅས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་གསར་འགྱུར་བརྒྱུད་བསྒྲགས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ང་ཚོས་ལོ་འདིར་བོད་དོན་རྒྱབ་སྐྱོར་ཆེད་ཞུ་གཏུགས་ཀྱི་ལས་འགུལ་འདི་གཙོ་བཟུང་ཐོག་འཆར་ལོ་ཕྱི་ལོ་ ༢༠༡༣ ནང་བོད་དོན་ཆེད་གདུང་སེམས་མཉམ་སྐྱེའི་ལས་འགུལ་སྤེལ་རྒྱུ་ཡིན།
ང་ཚོས་བོད་མི་ཚོར་ཚབས་ཆེ་བའི་ལས་འགུལ་རིགས་མ་སྤེལ་རོགས། ཞེས་འབོད་སྐུལ་ཇི་ཙམ་བྱས་ཀྱང་བོད་ནང་རང་ལུས་མེར་སྲེག་གཏུད་མར་བཏང་སྟེ་ད་ཆ་རང་ལུས་མེར་སྲེག་གཏོང་མཁན་བོད་མི་གྲངས་ ༩༢ ཟིན་པ་དང། ཕྱི་ལོ་ ༢༠༡༢ ལོར་བོད་མི་གྲངས་ ༧༩ རང་ལུས་མེར་སྲེག་བཏང་ཁོངས་ནས་ཕྱི་ཟླ་ ༡༡ ནང་བོད་མི་གྲངས་ ༢༨ ཀྱིས་རང་ལུས་མེར་སྲེག་བཏང་ཡོད། རྒྱ་ནག་གཞུང་གིས་བོད་མིའི་དཀའ་ངལ་སེལ་རྒྱུའི་ཚབ་ཏུ་དམ་བསྒྲགས་ཤུགས་ཆེ་རུ་གཏོང་བཞིན་ཡོད་པར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་རྒྱལ་སྤྱིའི་སྤྱི་ཚོགས་དང། ཆབ་སྲིད་དབུ་ཁྲིད། རིག་པ་སྨྲ་བ། བོད་མིའི་གྲོགས་པོ། གསར་འགྱུར་བརྒྱུད་ལམ། དེ་བཞིན་དྲང་བདེན་ལ་དགའ་བའི་མི་མང་བཅས་ལ་གང་ཐུབ་ཀྱིས་གོ་རྟོགས་སྤེལ་ཐབས་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཞུ་རྒྱུ་དང་སྦྲགས།
དེ་འབྲེལ་ལས་འགུལ་གྱི་ཆ་ཤས་སུ་བོད་མིས་རང་ལུས་མེར་སྲེག་བཏང་བའི་སྐོར་བརྙན་འཕྲིན་སྐར་མ་དྲུག་ལྷག་ཙམ་ཡོད་པ་ཞིག་དང་། དྲ་རྒྱ་མེག་ཀོ་རོ་ས་ཡི་ཊི་ microsite དེ་བཞིན་ངོ་དེབ་ཀྱི་ཤོག་ངོས་ཕེ་སི་བུཀ་པེ་ཇི་ Facebook page ཤིག་ཀྱང་དབུ་འབྱེད་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ལ་དོ་སྣང་དང་རྒྱབ་སྐྱོར་ཤུགས་ཆེ་རུ་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན། སྲིད་གཞུང་ཁག་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཁག འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ། དེ་བཞིན་མི་སྒེར་སོགས་ཀྱིས་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་འཛམ་གླིང་མི་མང་ཚོས་མཁྱེན་པ་ཞིག་བཟོས་ཏེ་རྒྱ་ནག་དབུ་ཁྲིད་ཚོར་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་སེལ་ཆེད་འབོད་སྐུལ་ཤུགས་ཆེ་གནང་ཚེ་ནུས་པ་ཏན་ཏན་འཐོན་རྒྱུ་རེད། བོད་མི་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱིས་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་པའི་འབོད་ཚིག་སྒྲོག་བཞིན་ཡོད།
ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་བོད་མིའི་གྲོགས་པོ་རྣམས་ལ་གཤམ་གསལ་ལས་འགུལ་ཐོག་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
གཤམ་གསལ་དྲ་རྒྱ་དང་ངོ་དེབ་ཁ་བྱང་ཐོག་འབྲེལ་མཐུད་གནང་རོགས་ཞུ་རྒྱུ་ཡིན་ (www.solidaritywithtibet.org) (www.facebook.com/SolidarityWithTibet)
གཤམ་གསལ་རང་ལུས་མེར་སྲེག་གི་བརྙན་འཕྲིན་དང་འབྲེལ་བའི་དྲ་རྒྱའི་ཁ་བྱང་ཐོག་འབྲེལ་མཐུད་གནང་སྟེ་དྲིལ་བསྒྲགས་རྒྱ་ཆེ་ཡོངས་ཐབས་གནང་རོགས་ཞུ་རྒྱུ་ཡིན།
(http://www.youtube.com/watch?v=hyjFBg8mwiU)
གཤམ་གསལ་འབྲུག་གི་ཐལ་སྒྲའི་ (thunderclap) ཁ་བྱང་ཐོག་དེབ་སྐྱེལ་གནང་སྟེ་སོ་སོའི་གྲོགས་པོ་དང་ངོ་ཤེས་གང་མང་ལ་འབྲེལ་བ་གནང་སྟེ་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༠ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་བོད་དོན་ལས་འགུལ་ཉིན་བརྒྱ་དུས་གཅིག་ཏུ་སྤེལ་རྒྱུའི་སྐོར་དྲིལ་བསྒྲགས་རྒྱ་ཆེ་ཡོང་ཐབས་གནང་རོགས་ཞུ་རྒྱུ་ཡིན། (www.solidaritywithtibet.org)
ཞེས་གསར་འགོད་གསལ་བསྒྲགས་སྤེལ་གྲུབ་མཚམས་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཕྱི་རྒྱལ་གསར་འགོད་པ་ཚོར་ངོ་སྤྲོད་གནང་རྗེས་སྲིད་སྐྱོང་མཆོག་གིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད་པ་བཅས།།