༢༠༡༢ ཟླ་ ༡༢ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བདུན་པ་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༦ ཉིན་གྱི་ཕྱེད་ཡོལ་ལྡི་ལི་བསམ་ཡས་གླིང་བོད་སྒར་ཉིན་མོའི་སློབ་གྲྭར་འགོ་འཛུགས་གནང་བའི་མཛད་སྒོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་དོན། འདི་གར་སླེབས་པའི་སློབ་ཕྲུག་ཁྱེད་རང་ཚོ་ཚང་མར་དང་ཐོག་ང་རང་སྒེར་དང་བཀའ་ཤག་གི་ཚབ་ཞུས་ཏེ་འཚམས་འདྲི་ཞུ་རྒྱུ་ཡིན། ཁྱེད་རྣམ་པས་སློབ་མའི་ཚོགས་ཆེན་འདི་འདྲ་ཞིག་སྐོང་ཚོགས་གནང་བར་ཧ་ཅང་ཡག་པོ་རེད། འོན་ཀྱང་གལ་ཆེ་ཤོས་ད་ལྟའི་ཆར་ང་ཚོའི་ངོས་ནས་གང་ཞིག་བྱ་རྒྱུ་འདུག སོ་སོའི་ངོས་ནས་གང་ཞིག་བྱེད་རྩིས་ཡོད་དམ་ཞེས་པ་དེ་རེད།
བོད་ནང་གི་བོད་མི་ཚོས་རང་ཉིད་ཀྱི་རྩ་ཆེན་ཚེ་སྲོག་ཀྱང་བོད་དང་བོད་མིའི་ཆེད་བློས་གཏོང་གནང་གི་ཡོད། ཁོང་རྣམ་པས་སྤྱིར་བཙན་བྱོལ་ནང་ཡོད་པའི་བོད་མི་དང་དེའི་ནང་ནས་ཤེས་ཡོན་ལྡན་པའི་བོད་མི་སོགས་ཀྱིས་ཁོང་རྣམ་པའི་མངོན་འདོད་སྒྲུབ་ཆེད་སྐུ་ལས་བསྐྱོན་རེད་བསམས་པའི་རེ་བ་གནང་གི་ཡོད། ད་ལྟའི་ཆར་ཁྱེད་རྣམ་པ་སློབ་ཕྲུག་ཡིན་སྟབས། གཙོ་ཆེ་ཤོས་སློབ་སྦྱོང་ཡག་པོ་བྱས་ཏེ་ལག་འཁྱེར་ཡག་པོ་རག་ཐབས་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། གལ་ཏེ་ལག་འཁྱེར་ཡག་པོ་ཞིག་མ་རག་ན། ཕུགས་ལ་ལས་དོན་ཞུ་སྐབས་དཀའ་ངལ་འཕྲད་སྲིད། དེ་བཞིན་བོད་མི་རང་ལུས་མེར་སྲེག་གཏོང་མཁན་མི་གྲངས་ ༩༥ ནང་ནས་ཕལ་ཆེར་དགུང་ལོ་བགྲེས་ཤོས་ ༦༤ ཡིན་པ་རེད།
དེ་མིན་དགུང་ལོ་ ༦༠ མན་ཆད་ཡིན་པ་མ་ཟད། མང་ཆེ་བ་བོད་ལ་རྒྱ་ནག་གཞུང་ནས་བཙན་འཛུལ་བྱས་ཟིན་པའི་རྗེས་ལ་སྐྱེས་འཚར་བྱུང་བ་རེད། རྒྱ་ནག་གཞུང་ཕྱོགས་ནས་བོད་ནང་སྤྱི་ཚོགས་རིང་ལུགས་ཀྱི་ལྷ་ཡུལ་བསྐྲུན་ཡོད་ཅེས་པ་དེ་ཡོད་ན། ཁོང་རྣམ་པས་འགྲོ་སྡོད་སྤྱོད་གསུམ་གྱི་རང་དབང་མི་འདུག་ཅེས་དུས་རྟག་ཏུ་གསུངས་དང་གསུང་མུས་ཡིན་པ་དེ་དག་བརྗོད་དགོས་དོན་མེད། འོན་ཀྱང་བོད་ནང་གི་གཞོན་སྐྱེས་སློབ་ཕྲུག་ཚུན་ཆད་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་ཀྱི་ཡོད། དེས་གང་ཞིག་བཏོན་གྱི་ཡོད་དམ་ཞེ་ན། རྒྱ་ནག་གཞུང་ནས་ཧམ་ཤེད་ཐོག་བཤད་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལྷ་ཡུལ་བསྐྲུན་ཡོད་ཅེས་པ་དེ་དོན་དངོས་ཐོག་མེད་པར་བཏོན་ཡོད།
དེ་བཞིན་རྒྱ་ནག་གཞུང་ནས་བོད་ཀྱི་ཆོས་དང་རིག་གཞུང་གཏོར་བཤིག་གཏོང་གི་ཡོད་པ་མ་ཟད། དཔལ་འབྱོར་དབྱེ་འབྱེད་བྱེད་དང་། སྤྱི་ཚོགས་ཐོག་གི་ཐོབ་ཐང་མེད་པ་བཟོ་གི་ཡོད། གང་ལྟར་ཆབ་སྲིད་ཀྱི་དམ་བསྒྲགས་དེ་དག་གིས་རྐྱེན་པས་བོད་ནང་གི་བོད་མི་ཚོ་ཕྱོགས་གཅིག་ནས་འ་ཆད་འུ་ཐུག་དང་། ཕྱོགས་གཉིས་ནས་ཆབ་སྲིད་ཀྱི་རྩ་དོན་རྩོད་དགོས་ཀྱི་འདུག་ཅེས་པའི་སྒོ་ནས་ངོ་རྒོལ་གྱི་རྣམ་པ་མང་པོ་ཡོང་གི་ཡོད། དེའི་ནང་ནས་རང་ལུས་མེར་སྲེག་གཏོང་མཁན་དེ་དག་ཉེ་བའི་ཆར་ཧ་ཅང་མང་པོ་ཆགས་ཡོང་སྐབས། བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་གི་ཡོད་པ་ཧ་ཅང་གསལ་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།