༢༠༡༢ ཟླ་ ༡༢ ཚེས་ ༡༢ རེས་གཟའ་ལྷག་པ།
༄༅། །འདི་གར་ཐེ་ཝན་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༡༢ ཚེས་༨ ཉིན་ནས་ཚེས་ ༡༠ཉིན་ཕྱི་དྲོ་བར་ཁྱོན་ཆུ་ཚོད་ ༤༩ རིང་ཐའེ་ཝན་དུ་བོད་མི་བཅུས་ཟས་བཅད་ངོ་རྒོལ་གནང་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་ལྟར་འདི་ལོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་སྟབས་བསྟུན་ཐའེ་ཝན་སྐུ་ཚབ་དོན་གཅོད་ཁང་གིས་གཙོ་འགན་ཐོག་ཐའེ་ཝན་བོད་རིགས་ཚོགས་པ་དང་། ཐའེ་ཝན་ས་གནས་གཞོན་ནུ། སློབ་ཕྲུག་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་མཉམ་སྦྲེལ་གྱིས་བོད་ནང་རང་ལུས་མེར་སྲེག་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་རྒྱལ་གཅེས་པ་ཕོ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་སླད་ཕྱི་ཚེས་ ༨ ཕྱི་དྲོ་ཆུ་ཚོད་དྲུག་པ་ནས་ཚེས་ ༡༠ དགོང་དྲོ་ཆུ་ཚོད་བརྒྱད་པ་བར། ཐའེ་ཝན་རང་དབང་ཐང་ཆེན་དུ་བོད་མི་བཅུས་ཆུ་ཚོད་ ༤༩ རིང་ཟས་བཅད་ངོ་རྒོལ་དང་། རྒྱལ་གཅེས་པ་རྣམས་ཀྱི་ཞལ་ཆེམས་སོགས་པར་རིས་འགྲེམས་སྟོན་གནང་བ་མ་ཟད། ཉིན་གསུམ་རིང་མཆོད་མེ་བརྒྱ་མཆོད་དང་། ཕྱི་ཚེས་ ༡༠ ཉིན་མར་མེ་སྟོང་མཆོད་བཅས་ཕུལ་བ་དང་མཉམ་དུ་སྨོན་ལམ་གསུང་འདོན་གནང་ཡོད། དུས་མཚུངས་ཐའེ་ཝན་བོད་རིགས་ཚོགས་པའི་བོད་ཡིག་དྲ་རྒྱ་གསར་པ་ངའི་བོད་༼www.mytibet.net༽ ཅེས་པ་དབུ་འབྱེད་དང་། བོད་དོན་དྲིལ་བསྒྲགས་ཀྱི་སྣུམ་འཁོར་སྒོ་འབྱེད་གནང་།
ཟས་བཅད་ངོ་རྒོལ་རིང་ཐའེ་ཝན་སྲིད་བློན་ཟུར་པ་དང་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུའུ་ཀྲན་ཁྲང་ལགས་དང་། ཐའེ་ཝན་མཐུན་སྒྲིལ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་ལིན་ཧྲི་ཅཱ་ལགས། ལྕམ་ཧོང་ཝིན་ལིང་ལགས། གཞན་ཡང་དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཁྲན་ཅེ་རུའུ་ལགས་དང་། ལྕམ་ཝུ་ཡི་ཀྲེན་ལགས། ལྕམ་ཤའོ་མེའེ་ཆིང་ལགས་སོགས་གནད་ཡོད་མི་སྣ་ཆེད་དུ་ཟས་བཅད་གནང་སར་ཕེབས་ཏེ་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱི་སྐུ་པར་མདུན་ཁ་བཏགས་དང་མཆོད་མེ་ཕུལ་བ། གདུང་སེམས་མཉམ་སྐྱེའི་གསུང་བཤད་གནང་རྗེས་དཔའ་བོའི་རྗེས་དྲན་འགྲེམས་སྟོན་ལ་གཟིགས་ཞིབ་གནང་།
གཞན་གཞུང་འབྲེལ་མིན་པའི་ཚོགས་པ་དང་། སྤྱི་ཚོགས་མི་སྣ་མང་པོས་ཟས་བཅད་ངོ་རྒོལ་བྱ་ཡུལ་དུ་ཕེབས་ནས་གདུང་སེམས་མཉམ་སྐྱེའི་གསུང་བཤད་དང་རྣམ་འགྱུར་བསྟན་ཡོད། དེ་བཞིན་ཐའེ་ཝན་གྱི་བརྙན་འཕྲིན་དང་། ཚགས་ཤོག དྲ་རྒྱ་སོགས་ནང་གནས་ཚུལ་གང་མང་སྤེལ་འདོན་བྱུང་ཡོད་ལ། རང་དབང་ཐང་ཆེན་ནི་རྒྱ་ནག་སྐམ་སའི་མི་སྣ་སྤྲོ་འཆམ་བྱེ་ཡུལ་གཙོ་བོ་ཞིག་
ཡིན་པས་ཉིན་རེར་འགྲུལ་སྐྱེལ་སྣུམ་འཁོར་བཅུ་གྲངས་ཡོང་གི་ཡོད་པས་རྒྱ་ནག་གི་ཡུལ་མི་སྟོང་ཕྲག་བརྒལ་བས་བོད་མིའི་ལས་འགུལ་སྤེལ་ཡུལ་དུ་སླེབས་པ་མ་ཟད། མང་པོ་ཞིག་གིས་འགྲེམས་སྟོན་ལ་བལྟས་པ་དང་པར་ལེན་པ་སོགས་ཁྱབ་བསྒྲགས་རྒྱ་ཆེ་བྱུང་ཡོད།