༢༠༡༢ ཟླ་ ༡༢ ཚེས་ ༢༩ རེས་གཟའ་སྤེན་པ།
༄༅། །རྡོ་རྗེ་གདན་དུ་ཡོད་པའི་རྡོར་གདན་མཆོད་རྟེན་འཛིན་སྐྱོང་ལྷན་ཚོགས་(Bodh Gaya Temple Management Committee)ཀྱིས་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་ནང་པའི་ཚོགས་ཆེན་ཞིག་བི་ཧར་གྱི་གྲོང་ཁྱེར་པཊ་ནའི་ནང་ཚོགས་གཏན་འཁེལ་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ཚོགས་ཆེན་དེའི་ནང་མཉམ་ཞུགས་ཆེད་མགྲོན་འབོད་གནང་བ་བཞིན། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༣ ནས་ ༨ བར་གནས་མཆོག་རྡོར་གདན་དང། ཕྱི་ཚེས་ ༩ ནས་ ༡༡ བར་ཝར་ན་བོད་དགོན་བཤད་སྒྲུབ་འདོད་རྒུ་འཁྱིལ་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་ནས་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཐེབས་རྩའི་མིང་ཐོག་མིང་བསྒྱུར་གནང་རྒྱུའི་མཛད་སྒོ། དེ་བཞིན་ཕྱི་ཚེས་ ༡༤ ནས་ ༡༥ བར་ཞྭ་སེར་བསྟན་པའི་གསལ་བྱེད་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་འབུལ་ཞུ་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་འདུག
དེ་ཡང་ཆོས་རིག་བཀའ་བློན་མཆོག་ཕྱི་ཟླ་ ༡ ཚེས་ ༣ ཉིན་རྡ་ས་ནས་པ་ཀོར་བརྒྱུད་ལྡི་ལིར་ཕེབས་ཐོན་གྱིས་ཕྱི་ཚེས་ ༤ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་པཊ་ནར་ཕེབས་ཐོན་གནང་རྒྱུ། དེ་ནས་ཕྱི་ཚེས་ ༥ ནས་ ༧ བར་ནང་པའི་ཚོགས་ཆེན་ནང་མཉམ་ཞུགས་གནང་རྒྱུ་དང་། ཕྱི་ཚེས་ ༨ ཉིན་པཊ་ན་ནས་ཝར་ནར་ཕེབས་ཐོན་གྱིས་ཕྱི་ཚེས་ ༩ ནས་ ༡༡ བར་བོད་དགོན་བཤད་སྒྲུབ་འདོད་རྒུ་འཁྱིལ་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་ནས་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཐེབས་རྩའི་མིང་ཐོག་མིང་བསྒྱུར་གནང་རྒྱུའི་མཛད་སྒོར་ཕེབས་རྒྱུ་ཡིན་འདུག ཕྱི་ཚེས་ ༡༢ ཉིན་ཝར་ན་ནས་མཁའ་ལམ་བརྒྱུད་ལྡི་ལི་དང་དེ་ནས་གོ་ཝར་ཕེབས་ཐོན་གནང་སྟེ། ཕྱི་ཚེས་ ༡༣ ཉིན་མོན་གྷོ་འདོད་རྒུ་གླིང་དུ་ཕེབས་འབྱོར་གནང་རྒྱུ། ཕྱི་ཚེས་ ༡༤ ཉིན་བརྟན་བཞུགས་གོ་སྒྲིག་གནང་རྗེས་ཕྱི་ཚེས་ ༡༥ ཉིན་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་འབུལ་བ་དང་འབྲེལ་མཛད་སྒོར་མཉམ་ཞུགས་གནང་རྒྱུ། ཕྱི་ཚེས་ ༡༦ ནས་ ༡༨ བར་སེམས་དང་སྲོག་གི་བགྲོ་གླེང་ཐོག་མཉམ་ཞུགས་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༡༩ ཉིན་གོ་ཝ་ནས་ལྡི་ལིར་ཕེབས་ཐོན་གྱིས་ཕྱི་ཚེས་ ༢༡ ཉིན་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས།།