༢༠༡༢ ཟླ་ ༡༢ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་ལྡན་ཨུ་རུ་སུའི་ཆོས་ཞུ་བ་ཁག་གཅིག་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ། མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལི་གསར་པའི་ནང་རྟེན་གཞི་བྱས་པའི་ཀེན་བྷེ་སི་མགྲོན་ཁང་ནང་ཨུ་རུ་སུ་ནས་ཆེད་བཅར་ཞུས་པའི་དད་ལྡན་ཆོས་ཞུ་བ་ ༡༢༠༠ བརྒལ་བ། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་དང་། བོད་མི་བཅས་ཆོས་ཞུ་བ་ཁྱོན་མི་གྲངས་ ༡༥༠༠ བརྒལ་བ་རྣམས་ལ་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༤ ནས་བཟུང་ཉིན་གྲངས་བཞིའི་རིང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་ཆོས་འབྲེལ་དབུ་འཛུགས་སྐབས་ཐོག་མར་འཚམས་འདྲི་དང་སྦྲགས་བཀའ་སློབ་སྩལ་དོན།
དེ་རིང་ཆེད་དུ་བྱ་བའི་གདུལ་བྱ་ཁྱེད་རང་ཚོ་ཨུ་རུ་སུའི་ཁོངས་ཀྱི་ནང་པའི་རྒྱལ་ཕྲན་ཁལ་མུཀ་དང་བྷུར་ཡ། ཐུ་ཝ། དེ་མིན་ཕྱིས་སུ་ར་ཤི་ཡའི་ནང་གི་ཨུ་རུ་སུ་མི་རིགས་དཀར་པོའི་ནང་ནས་ནང་ཆོས་ལ་དོ་སྣང་བྱེད་མཁན་ཕྲན་བུ་ཡོང་གི་ཡོད། ཁྱེད་རང་ཚོར་ལོ་གཅིག་གཉིས་གོང་ནས་ཆོས་འབྲེལ་བྱ་རྒྱུ་བྱས་པ་ལྟར་དེ་རིང་ཆོས་འབྲེལ་བྱེད་རྒྱུ་བྱུང་བ་རེད། གཙོ་བོ་ར་ཤི་ཡ་ནས་བསླེབས་པ་ཚོར་ཆོས་འབྲེལ་བྱ་རྒྱུ་དང་ཞོར་དུ་བོད་ནས་ཐད་ཀར་འདི་གར་འབྱོར་ཡོད་པའི་གསར་པ་ཁག་གཅིག་འདུག ཁྱེེད་རང་ཚོར་མཉམ་དུ་བྱས་ན་བསམས་པ་དྲན་བྱུང། ཐོག་མར་ཁྱེད་རང་ཚོར་འཚམས་འདྲི་ཡོད། ཁྱེད་རང་ཚོ་ཕ་མེས་ནས་ནང་པ་ཡིན་མཁན་ཚོས་སོ་སོའི་ཕ་མེས་ཀྱི་རིན་ཐང་ལ་གཞི་གནས་དོ་སྣང་གསར་པ་བྱེད་ཀྱི་ཡོད་པས་ཧ་ཅང་ཡག་པོ་རེད། དེ་སྔ་ནང་པའི་ཆོས་ལ་འབྲེལ་བ་མེད་མཁན་མོ་སུ་ཁོ་སོགས་ཀྱི་ནང་ནས་དེང་སྐབས་ནང་ཆོས་ལ་དོ་སྣང་བྱེད་མཁན་གང་ཙམ་ཞིག་ཡོང་གི་འདུག དེ་མིན་ས་ཁུལ་གཞན་ནས་ཀྱང་ཡོད་ཀྱི་རེད། ཁྱེད་རང་ཚོ་དེ་དག་ཕ་མེས་ནས་ནང་པའི་ཆོས་བྱེད་མཁན་མ་རེད། ཡི་ཤུའི་ཆོས་བྱེད་མཁན་ཞིག་ཆགས་ཡོད། ངོས་ཀྱིས་ནམ་རྒྱུན་ནས་སོ་སོའི་ཕ་མེས་ཀྱི་རྒྱུན་འཛིན་བྱས་ན་བརྟན་པོ་ཡོད། ཅེས་ཤོད་ཀྱི་ཡོད། ཆོས་དད་བརྗེ་རྒྱུ་ཞེས་པའི་ཐོག་བསམ་བློ་ཡག་པོ་གཏོང་དགོས། འོན་ཀྱང་དེང་སྐབས་ནུབ་ཕྱོགས་རྒྱལ་ཁབ་ཡུ་རོབ་དང་དེ་བཞིན་ཨ་མི་རི་ཀ་ལྷོ་བྱང་གཉིས་ཡིན་ནའང་རེད། དེ་ཚོའི་ནང་དེ་སྔ་ནང་པའི་ཆོས་ལ་འབྲེལ་བ་མེད་ཀྱང་སྤྱིར་ནང་ཆོས་དང་ཡང་སྒོས་སངས་རྒྱས་པའི་ལྟ་གྲུབ་སྐོར་ལ་དོ་སྣང་གསར་པ་ཡོང་གི་འདུག ཁྱེད་རང་ཚོ་ཡང་དེ་དེ་བཞིན་བྱས་ཏེ་ཕ་མེས་ནས་ནང་པའི་ཆོས་བྱེད་མཁན་ཞིག་མ་རེད། འོན་ཀྱང་དོ་སྣང་གསར་པ་སླེབས་སྐབས་དེའི་ཐོག་བསམ་བློ་ཡག་པོ་གཏོང་དགོས། སོ་སོའི་ཁམས་དང་མོས་པར་སངས་རྒྱས་ཀྱི་ལྟ་གྲུབ་རན་པོ་དང་རང་ཉིད་ཀྱི་སེམས་ལ་ཕན་ཐོགས་ཡོད་པ་ཞིག་རེད་འདུག་ན་སོ་སོའི་རང་དབང་རེད། འོན་ཀྱང་སོ་སོའི་ཕ་མེས་ཀྱི་ཆོས་ལས་ཆོས་གཞན་ཞིག་ལ་དོ་སྣང་གསར་པ་སླེབས་པ་ཡིན་ཡང་སོ་སོའི་ཕ་མེས་ཀྱི་ཆོས་ལ་བརྩི་བཀུར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཡང་རིགས་ཁག་གཅིག་གིས་ཆོས་ལུགས་བརྗེ་བསྒྱུར་བྱས་པ་དེས་ཡང་དག་པ་ཡིན་པའི་རྒྱུ་མཚན་དུ་བྱས་ཏེ་ཆོས་ལུགས་རྙིང་པ་དེར་མ་གུས་པ་བྱས་ན་ཡག་པོ་མེད། ཅེས་བཀའ་སློབ་སྩལ་ཡོད།
ལྷག་པར་མགོན་པོ་གང་ཉིད་མཆོག་གིས་བོད་ནས་བོད་མི་ཁག་གཅིག་བསླེབས་ཡོད་པ་ཚོར་བཀའ་སློབ་ཕེབས་དོན། དེ་རིང་འདི་གར་བོད་ནས་འབྱོར་བའི་ཁྱེད་རང་ཚོ་ཁག་གཅིག་འདུག ཁྱེད་རང་ཚོ་བོད་ལ་དངོས་གནས་དྲང་གནས་སོ་སོའི་མི་རིགས་ཀྱི་ཞེན་ཁོག་དང་སངས་རྒྱས་ཀྱི་བསྟན་པར་དད་གུས་ཧ་ལས་པའི་ཤུགས་ཆེན་པོ་ཡོད་པ་རེད། སངས་རྒྱས་ཀྱི་ཆོས་འགྲེལ་བཤད་རྒྱག་མཁན་དེ་རིང་ཁ་སང་ཕྱོགས་གཅིག་ནས་བསླབ་པ་སློབ་གཉེར་བྱེད་སའི་བསྟི་གནས་དེ་དག་ཀྱང་ཧ་ཅང་ཁག་པོ་ཆགས་ཡོད། དགེ་རྒན་ཚད་ལྡན་ཁག་པོ་རེད། གང་ལྟར་ཁམས་དང་ཨ་མདོ་ཁུལ་གྱི་ས་ཆ་ཁུག་ཀྱོག་དེ་འདྲ་ལ་སློབ་གཉེར་བྱ་རྒྱུའི་ཆ་རྐྱེན་ཡོད་པ་ལྟ་བུ་མ་གཏོགས་ཧ་ཅང་དཀའ་ངལ་ཡོད། ཁྱེད་རང་ཚོ་མང་ཚོགས་ལ་དེ་བས་ཀྱང་ནང་ཆོས་ངོ་སྤྲོད་བྱེད་མཁན་ཧ་ལམ་མེད་པ་རེད། དེར་བརྟེན་ཁྱེད་རང་ཚོ་དེ་རིང་འདིར་ཐེངས་ཤིག་བསླེབས་པ་རེད། ངོས་ཀྱིས་ནམ་རྒྱུན་ནས་ནང་ཆོས་ངོ་སྤྲོད་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རྩི་བཞིན་ཡོད་པས་ཁྱེད་རང་ཚོས་གཟབ་ནན་ཐོག་ཉན་རོགས། ཞེས་བཀའ་སློབ་སྩལ་ཡོད།
དེ་བཞིན་༸གོང་ས་མཆོག་གིས་བྱམས་བརྩེའི་སྐོར་ལ་བཀའ་སློབ་ཕེབས་དོན། ཆོས་ཡོད་ན་བྱམས་བརྩེ་ཉམས་ལེན་བྱ་རྒྱུ་ཡོང་སྲིད་པ་ཞིག་དང་། ཆོས་མེད་ན་བྱམས་བརྩེ་བརྗེ་རྒྱུ་ཞིག་རྩ་བ་ནས་མིན། ཆོས་ལ་དད་པ་བྱེད་མིན་ཁྱད་པར་གང་ཡང་མེད། རང་ཉིད་སྐྱིད་པ་དང་མི་ཚེ་རིང་བ། གཟུགས་པོ་བདེ་བ་ཞིག་འདོད་ན་ངེས་པར་དུ་སེམས་ལ་ཞི་བདེ་དགོས། སེམས་ལ་ཞི་བདེ་ཡོང་རྒྱུ་དེ་བྱམས་བརྩེར་ཐུག་ཡོད། དེང་སྐབས་ཚན་རིག་པ་དང་མི་བསམ་བློ་མང་པོ་གཏོང་མཁན་ཚོས་དེ་ལྟར་ཤོད་ཀྱི་འདུག དེར་བརྟེན་ང་ཚོས་དེ་རིང་ཁ་སང་དུས་ཚོད་ལ་བྱམས་བརྩེ་གོང་སྤེལ་གཏོང་རྒྱུའི་ཐོག་ལ་འབད་བརྩོན་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། བྱམས་བརྩེ་ནི་ཆོས་ལུགས་ཚང་མའི་སྙིང་དོན་ཡིན་ཡང་ཆོས་དད་ཡོད་ན། བྱམས་བརྩེར་དོ་སྣང་བྱེད་དགོས་པ་དང་ཆོས་དད་མེད་ན། བྱམས་བརྩེར་དོ་སྣང་བྱེད་མི་དགོས་པ་དེ་འདྲ་རྩ་བ་ནས་མ་རེད། འཛམ་གླིང་འདིའི་སྟེང་ལ་ཡོད་པའི་མི་དུང་ཕྱུར་བདུན་ཅུ་ཀུན་ལ་ཁྱབ་ཐུབ་རྒྱུའི་(Secular Ethics)ཆོས་ལུགས་རིས་མེད་ཀྱི་བཟང་སྤྱོད་ཅེས་པར་བསམ་བློ་གཏོང་དགོས། ཆོས་པ་ཚོ་ཡིན་རུང་ཆོས་ལུགས་རིས་མེད་དང་བྱམས་བརྩེ་རྩ་ཆེན་པོ་ཡིན་པའི་ངོས་འཛིན་གསལ་པོ་ཡོད་ན། ཆོས་མིང་དོན་མཚུངས་པ་ཞིག་ཡོང་གི་རེད། ང་ཆོས་པ་ཡིན་ཞེས་བརྗོད་ཀྱི་ཡོད་ཀྱང་ཆོས་ལུགས་རིས་མེད་དང་ཡ་རབས་སྤྱོད་བཟང་མེད་པ་ཆགས་ན། ཆོས་དེ་མ་རབས་བྱ་རྒྱུའི་ཐོག་ལ་བེད་སྤྱོད་བྱེད་ཀྱི་ཡོད། དེར་བརྟེན་ཆོས་ལུགས་རིས་མེད་ཅེས་པ་ཧ་ཅང་གལ་ཆེན་པོ་རེད། ཆོས་དད་མེད་མཁན་ཚོར་ཕན་ཐོགས་ཡོད་པ་ཙམ་མ་ཟད། ཆོས་དད་ཡོད་མཁན་ཚོར་ཡང་ཧ་ཅང་ཕན་ཐོགས་ཡོད། མདོར་ན་འཛམ་གླིང་སྤྱི་ལ་ཕན་ཐོགས་ཡོད། ཅེས་བཀའ་སློབ་སྩལ་ཏེ་ཆོས་འབྲེལ་དབུ་འཛུགས་མཛད།