༢༠༡༢ ཟླ་ ༡༢ ཚེས་ ༣༡ རེས་གཟའ་ཟླ་བ།
༄༅། །གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༥ ནས་ ༧ བར་ཉིན་གྲངས་གསུམ་རིང་རྒྱ་གར་བྱང་ཕྱོགས་བི་ཧཱར་མངའ་སྡེའི་རྒྱལ་ས་པ་ཊི་ནའི་ནང་སྟོན་པ་བཅོམ་ལྡན་འདས་ཀྱི་དྲན་རྟེན་སྐྱེད་མོས་ཚལ་ནང་འཛམ་གླིང་ནང་པའི་ཆོས་ཚོགས་ཀྱི་ཚོགས་ཆེན་ཞིག་ཚོགས་གཏན་འཁེལ་བ་དེར་༸གོང་ས་མཆོག་ཆིབས་སྒྱུར་བསྐྱང་གཏན་འཁེལ་འདུག ནང་པའི་ཆོས་ཚོགས་དེར་ཐེ་ལན་ཌི་དང་། ཤྲི་རི་ལང་ཀ། ཉི་ཧོང། འབར་མ། རྒྱ་ནག་བཅས་ཀྱི་སྐུ་ཚབ་ ༡༥༠༠ བརྒལ་བས་མཉམ་ཞུགས་གནང་རྒྱུ་ཡིན་འདུག
སྐྱེད་མོས་ཚལ་དེ་བཞིན་ཕྱི་ལོ་ ༢༠༡༠ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྟོན་པ་མྱ་ངན་འདས་ཏེ་མི་ལོ་ ༢༥༥༠ སོང་བའི་དུས་དྲན་ཁྱད་པར་ཅན་དང་སྟབས་བསྟུན་དབུ་འབྱེད་མཛད་པ་ཞིག་ཡིན། ནང་པའི་ཚོགས་ཆེན་དེ་བཞིན་གནས་མཆོག་རྡོ་རྗེ་གདན་དུ་རྟེན་གཞི་བྱས་པའི་རྡོར་གདན་ནང་པའི་མཆོད་རྟེན་འཛིན་སྐྱོང་ལྷན་ཚོགས་ (Bodh Gaya Mahabodhi Temple Management Committee ) དང་བི་ཧཱར་མངའ་སྡེའི་སྒྱུ་རྩལ་དང་རིག་གཞུང་ལས་ཁུངས་ཐུན་མོང་གི་གོ་སྒྲིག་གནང་བ་ཞིག་ཡིན་འདུག
ཕྱི༌ཚེས་ ༤ ཉིན་མགོན་པོ་གང་ཉིད་མཆོག་གིས་སྐྱེད་མོས་ཚལ་དེའི་ནང་གནས་མཆོག་རྡོ་རྗེ་གདན་དང་ཤྲི་རི་ལང་ཀ་ནས་གདན་ཞུས་གནང་བའི་བྱང་ཆུབ་ལྗོན་ཤིང་གཉིས་ཀྱི་བར་སྟོན་པའི་སྐུ་བརྙན་ཞིག་ལའང་རབ་གནས་དབུ་འབྱེད་མཛད་རྒྱུ་ཡིན་འདུག
ཕྱོགས་མཚུངས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༡ ཚེས་ ༧ ནས་ ༡༠ བར་ཉིན་གྲངས་བཞིའི་རིང་གནས་མཆོག་ཝ་རཱ་ཎཱ་སིར་རྟེན་གཞི་བྱས་པའི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་ཡིན་འདུག་པ་བཅས།།