༢༠༡༢ ཟླ་ ༡༡ ཚེས་ ༣༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༩ རེས་གཟའ་ཕུར་བུའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཇཝཱ་ཧར་ལལ་ནེ་རུ་གཙུག་ལག་སློབ་གཉེར་ Jawaharlal Nehru Univeristy ཁང་གི་ཀོན་ཝན་ཤན་ཚོགས་ཁང་ (Convention Center) དུ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་གནད་དོན་སེལ་ཆེད་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་ལངས་ཕྱོགས་ཐོག་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་ཡོད། སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་རབ་གསར་བརྗེའི་སྐབས་རྒྱབ་སྐྱོར་བྱས་པ་བཞིན་དེང་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་དེར་ཡང་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་པ་དང་སྦྲགས།
ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་དུ་བོད་མི་གྲངས་ ༨༦ གིས་རང་ལུས་མེར་སྲེག་བཏང་ཡོད།
འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་རྒྱ་ནག་གཞུང་གིས་བོད་མིའི་དངོས་ཡོད་དཀའ་ངལ་སེལ་རྒྱུའི་ཚབ་ཏུ་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་རང་ལུས་མེར་སྲེག་གི་རྒྱུད་སྐུལ་བྱེད་ཀྱི་ཡོད་པའི་ཁག་དཀྲིས་དང་སྐྱོན་བརྗོད་བྱེད་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད། དོན་དངོས་ཐོག་བོད་མིའི་རང་ལུས་མེར་སྲེག་གཏོང་རྒྱུའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་ནག་གཞུང་གིས་བོད་ནང་བཙན་འཛུལ་བྱས་ཏེ་བོད་མིའི་ཆོས་དང་རིག་གཞུང་ལ་དམ་བསྒྲགས་ཤུགས་ཆེ་བྱས་དང་བྱེད་མུས་ཡིན་པ་མ་ཟད། བོད་ཀྱི་ཁོར་ཡུག་ལ་གཏོར་ཤིག་དང་། བོད་མི་ཚོ་དཔལ་འབྱོར་ཟུར་ཕུད་བྱས་པ། བོད་ཀྱི་འབྲོག་པ་རྣམས་བཙན་དབང་འོག་གནས་སྤོས་བྱེད་བཅུག་པ་སོགས་ཀྱི་སྲིད་བྱུས་ལག་བསྟར་བྱས་པར་བརྟེན་བོད་མི་ཚོ་མཐར་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ཞི་རྒོལ་བྱས་དང་བྱེད་བཞིན་པའི་ཛ་དྲག་གི་གནས་སྟངས་འདི་ཆགས་ཡོད་སྐོར་འགྲེལ་བཤད་གནང་ཡོད།
ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་བོད་མི་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་མངོན་འདོད་གཙོ་བོ་ནི། ༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་པ། བཅས་དེ་གཉིས་ཡིན་སྐོར་གསུངས་ཡོད། གཞན་ཡང་སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་རང་ཉིད་ཀྱི་ཁེ་ཕན་ཆེད་དུའང་བོད་ཀྱི་གནད་དོན་སེལ་རྒྱུ་གལ་ཆེན་པོ་ཆགས་ཡོད་པ་དང་། གལ་ཏེ་བོད་དོན་ཞི་སྒྲིག་བྱུང་མཚམས་ཧི་མཱ་ལའི་ས་མཚམས་སུ་ཞི་བདེ་བརྟན་ལྷིང་འབྱུང་ཐུབ་རྒྱུ་ཡིན་སྐོར་གསལ་བཤད་ནང་ཡོད་པ་མ་ཟད། གཞི་རྩའི་རྒྱ་གར་གཞུང་ནས་བོད་མི་ཚོར་དཀའ་ངལ་ཧ་ཅང་འཕྲད་པའི་དུས་སྐབས་སུ་རྒྱབ་སྐྱོར་གྱི་ལངས་ཕྱོགས་བརྟན་པོའི་ཐོག་ནས་རོགས་རམ་གནང་ཡོད་པ་དང་། དེང་སྐབས་ཨེ་ཤི་ཡའི་མངའ་ཁུལ་དུ་རྒྱ་ནག་གི་དབང་ཤུགས་རྒྱ་སྐྱེད་འགྲོ་བཞིན་པ་དེས་རྒྱ་གར་ལ་དཀའ་ངལ་འཕྲད་སྲིད་སྐོར་གསུངས་ཡོད། སྲིད་སྐྱོང་མཆོག་གི་གཏམ་བཤད་གྲུབ་བསྟུན། སློབ་མ་ཁག་གཅིག་གིས་དྲི་བར་ལན་འདེབས་ཀྱང་གནང་ཡོད། དེ་ནས་དབུ་མའི་ལམ་གྱི་ཐབས་ལམ་དང་འབྲེལ་བའི་གློག་བརྙན་ཞིག་ཀྱང་བསྟན་ཡོད། གཞི་རྩའི་ཚོགས་འདུ་འདི་བཞིན་ཕྱི་དྲིལ་ལས་ཁུངས་དང་ཇེ་པི་ཐེབས་རྩ་ཁང་། དེ་བཞིན་ལྡི་ལི་སྐུ་ཚབ་དོན་ཁང་། དེ་བཞིན་རྒྱ་བོད་འབྲེལ་མཐུད་ཁང་བཅས་གསུམ་གྱིས་གོ་སྒྲིག་གནང་བ་ཞིག་ཡིན་འདུག་པ་བཅས། །