༢༠༡༢ ཟླ་ ༡༡ ཚེས་ ༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་ནག་དང་རྒྱལ་སྤྱིའི་ཚོགས་པ་ཁག་གིས་རྡ་རམ་ས་ལར་དངོ་སུ་ཕེབས་སྟེ་གནས་ཚུལ་ངོ་མ་ཇི་ཡིན་གསལ་རྟོགས་གནང་དགོས་པའི་འབོད་སྐུལ་གྱི་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན།
ཉེ་ལམ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ན་ཝི་པི་ལེ་མཆོག་གིས་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་གནང་བ་དེ་ནི་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐེ་བྱུས་བྱས་པ་ཞིག་རེད། ཅེས་རྒྱ་ནག་གཞུང་གིས་བསྐྱོན་བརྗོད་བྱས་པ་མ་ཟད། ད་ལྟའི་བོད་ནང་དུ་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་རྒོལ་བྱས་དང་བྱེད་མུས་དེ་དག་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཚོས་བརྒྱུད་སྐུལ་བྱས་ཏེ་བྱུང་བ་ཞིག་ཡིན་པའི་སྐྱོན་བཙུགས་བྱས་པ་དེར་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་མཐའ་གཅིག་ཏུ་སྐྱོན་བརྗོད་ཞུ་རྒྱུ་ཡིན། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དེ་དག་འབྱུང་དགོས་པའི་རྒྱུ་རྐྱེན་དང་དཀའ་ངལ་དེ་དག་སེལ་རྒྱུའི་འགན་ཡོངས་རྫོགས་པེ་ཅིང་གཞུང་ལ་ཡོད་ཅེས་ང་ཚོས་ཚིགས་ཐག་ཆོད་པོས་ཞུ་རྒྱུ་ཡིན།
ཞེས་གསལ་བསྒྲགས་དེའི་ནང་གསལ་པོ་བཀོད་ཡོད་པ་མ་ཟད། སྲིད་སྐྱོང་མཆོག་ནས་རྒྱ་ནག་གཞུང་གིས་བོད་མིའི་སྒྲིག་འཛུགས་ལ་སྐྱོན་བརྗོད་བྱས་པ་དེར་དག་སེལ་ཡོང་ཆེད་རྒྱ་ནག་གཞུང་དང་རང་དབང་ལྡན་པའི་རྒྱལ་སྤྱིའི་ཚོགས་པ་ཁག་གི་སྐུ་ཚབ་འཐུས་མི་རྣམས་རྡ་སར་ཕེབས་ཏེ་འབྲེལ་ཡོད་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གིས་ལས་དོན་བྱེད་ཕྱོགས་ལ་རྟོག་ཞིབ་གནང་ཐུབ་ཚེ་དགའ་བསུ་ཞུ་རྒྱུ་ཡིན། ཞེས་གསུངས་པ་མ་ཟད། གཞན་ཡང་གསལ་བསྒྲགས་དེའི་ནང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ན་ཝི་པི་ལེ་ Navi Pillay མཆོག་གིས་བོད་མི་རྣམས་ཡུན་རིང་ནས་དཀའ་སྡུག་མྱོང་བཞིན་པར་བརྟེན། ད་ཆ་རང་ལུས་མེར་སྲེག་གཏོང་རྒྱུས་མཚོན་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་ཇེ་ཆེར་སྤེལ་དགོས་པའི་གནས་སྟངས་ཆགས་པར་བརྟེན། རྒྱ་ནག་གཞུང་ལ་དམ་བསྒྲགས་མཚམས་འཇོགས་ཀྱིས་བོད་མིའི་དཀའ་ངལ་སེལ་ཐབས་བྱེད་དགོས་པའི་རེ་འདུན་བཏོན་པ་དེར་བོད་མིའི་སྒྲིག་འཛུགས་ཀྱིས་སྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་སོགས་བཀོད་ཡོད་པ་བཅས།།