༢༠༡༢ ཟླ་ ༡༡ ཚེས་ ༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༣༡ ཉིན་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་འཕགས་བོད་འབྲེལ་མཐུད་ལས་ཁུངས་དང་ལྡི་ལིའི་ཨཱ་དཱར་ཤི་ལ་ཝིདྱཱ་པི་ཐི་(Aadharshila Vidyapeeth ) སློ༞བ་གྲྭའི་འཛིན་སྐྱོང་ཐུན་མོང་གིས་གོ་སྒྲིག་ཐོག་གོང་གསལ་སློབ་གྲྭར་སློབ་མ་རྣམས་ལ་བོད་དོན་གོ་རྟོགས་སྤེལ་སླད་བོད་ཀྱི་ཉིན་མོ་ཞེས་པའི་མཛད་སྒོ་ཞིག་ཚོགས་ཡོད།
དེ་ཡང་མཛད་སྒོར་ད་ལྟའི་བོད་ནང་གི་གནས་སྟངས་དང་འཕགས་བོད་ཀྱི་འབྲེལ་བ། ཞེས་པའི་བརྗོད་གཞིའི་ཐོག་བོད་མི་མང་སྤྱི་འཐུས་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་གསུང་བཤད་གནང་དོན། ཕྱི་ལོ་ ༡༩༤༩ གོང་བོད་དེ་རྒྱ་གར་དང་། རྒྱ་ནག ཨུ་རུ་སུ། སོག་པོ་ལྟ་བུའི་ཁྱིམ་མཚེས་རྒྱལ་ཁབ་སྟོབས་ཆེན་དེ་དག་དང་མཚུངས་པར་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་ཡིན། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་ལོ་ ༡༩༤༩ ལོར་བོད་ཤར་ཕྱོགས་ནས་བཙན་འཛུལ་བྱེད་འགོ་བཙུགས་པ་དང། དེ་ནས་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་ལ་དབང་བསྒྱུར་བྱས་ཡོད། ཅེས་གསུངས་པ་དང་ལྷན། ཁོང་ནས་རྒྱ་ནག་གིས་བོད་ནང་བཙན་འཛུལ་མ་བྱས་གོང་དུས་རབས་སྔ་མོ་ནས་འཕགས་བོད་དབར་ཆོས་དང་རིག་གཞུང་གི་འབྲེལ་བ་ཤུགས་ཆེ་ཡོད་པ་དང། དུས་རབས་བདུན་པའི་ནང་བོད་ཀྱི་ནང་ཆོས་དེ་བཞིན་རྒྱ་གར་ནས་དར་བ་ཞིག་དང།
ཕྱི་ལོ་ ༡༩༥༦ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་སྟོན་པ་མྱ་ངན་ལས་འདས་ནས་ལོ་ ༢༥༠༠ འཁོར་བའི་དུས་དྲན་གྱི་མཛད་སྒོར་ལྷན་ཞུགས་མཛད་ཆེད་རྒྱ་གར་ས་ཐོག་ཏུ་ཐོག་མར་ཆིབས་སྒྱུར་བསྐྱངས་སྐབས་འཕགས་བོད་རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་དབར་འབྲེལ་བ་ཐོག་མ་དེ་བྱུང་ཡོད་སྐོར། ཕྱོགས་མཚུངས་༸གོང་ས་མཆོག་གིས་སྐབས་དེར་རྒྱ་གར་གྱི་སྲིད་བློན་དང་པོ་སྐུ་ཞབས་ནེ་རུ་(Pt. Jawaharlal Nehru)མཆོག་དང། རྒྱ་གར་གྱི་སྲིད་འཛིན་དང་པོ་སྐུ་ཞབས་རཱ་ཇེན་དྷར་པར་སཱདི་(Dr. Rajendra Prasad)མཆོག རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་བློན་ཆེན་སྐུ་ཞབས་ནི་ཇ་ལིངྒ་པ་(Mr Nijalingappa)མཆོག སྐུ་ཞབས་སར་ཌར་ཝ་ལབ་བྷའི་པཱ་ཊིལ་(Sardar Vallabhai Patel) མཆོག་གིས་གཙོས་རྒྱ་གར་གྱི་ཆབ་སྲིད་དབུ་ཁྲིད་མང་དག་ཅིག་དང་མཇལ་འཕྲད་དང་གསུང་མོལ་མཛད་མྱོང་ཡོད་སྐོར་སོགས་གསལ་བཤད་གནང་ཡོད།
དེ་བཞིན་ཁོང་གིས་ད་ལྟའི་བོད་ནང་གི་གནས་སྟངས་སྤྱི་དང་ལྷག་པར་བོད་ནང་གི་བོད་མི་རྣམས་ཀྱིས་གཅིག་འཇུག་གཉིས་མཐུད་ཀྱིས་རང་ལུས་མེར་སྲེག་གཏོང་གི་ཡོད་པ་དང། ཕྱི་ལོ་ ༢༠༡༢ ཟླ་ ༡༠ བདུན་ཕྲག་གཅིག་ནང་བོད་མི་བདུན་གྱིས་རང་ལུས་མེར་སྲེག་བཏང་ཡོད། བོད་ནང་གི་བོད་མི་རྣམ་པས་རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་དེར་འདོད་བློ་མ་ཁེངས་པར་བརྟེན་འུ་ཐུག་ཐབས་ཟད་ཀྱིས་ལས་འགུལ་དེ་རིགས་མ་སྤེལ་ཐབས་མེད་ཆགས་ཡོད། གཞིས་ལུས་བོད་མི་རང་ལུས་མེར་སྲེག་གཏོང་གནང་མཁན་ཚང་མས་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུས་དགོས་པ་དང། བོད་ལ་རང་དབང་དགོས་པའི་འབོད་སྒྲ་གཅིག་གྱུར་བསྒྲགས་ཡོད། ཅེས་གསུངས་ཡོད།
ལྷག་པར་ཁོང་གིས་གསུང་བའི་ནང། བོད་དེ་འཛམ་གླིང་གི་སྣེ་གསུམ་པ་ཆགས་ཀྱི་ཡོད། འོན་ཀྱང་རྒྱ་ནག་གིས་རྡུལ་མཚོན་སྙིགས་རོ་བོད་ནང་དུ་ཕུང་གསོག་བྱས་པ་དང་། བོད་ཀྱི་ཆུ་ཆེན་ཁག་ལ་ཆུ་རགས་མང་པོ་བརྒྱབ་དང་རྒྱག་བཞིན་ཡོད་པ་དེས་རྒྱ་གར་གྱིས་གཙོས་ཨེ་ཤི་ཡའི་རྒྱལ་ཁབ་ཀྱི་མི་མང་ཐེར་འབུམ་མང་པོའི་བདེ་དོན་ལ་ཐད་ཀར་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་བཞིན་ཡོད། ཅེས་གསུངས་། ཡང་ཁོང་ནས་ཤེས་ཡོན་གྱི་དགོས་མཁོ་གཙོ་བོ་ནི་རང་དོན་བསྒྲུབ་རྒྱུ་ཁོ་ནའི་ཆེད་མིན་པར། སློབ་ཕྲུག་རྣམས་ལ་ནང་གི་ཡ་རབས་བཟང་སྤྱོད་དང་འབྲེལ་བའི་རིན་ཐང་དེ་དག་ངོ་སྤྲོད་བྱས་པ་བརྒྱུད་མི་བཟང་པོ་ཞིག་བསྐྲུན་ཏེ་འགྲོ་བ་མིའི་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་ཐུབ་པ་བྱེད་རྒྱུ་དེ་ཡིན། ཞེས་གསུང་བཤད་གནང་ཡོད། སྐབས་དེར་འཕགས་བོད་འབྲེལ་མཐུད་ལས་ཁུངས་ནས་བོད་དོན་དང་འབྲེལ་བའི་དཔེ་དེབ་ཁག་གཅིག་ཀྱང་འགྲེམས་སྤེལ་གནང་ཡོད།
གཏམ་བཤད་ཀྱི་ལས་རིམ་དེའི་ཐོག་གོང་གསལ་སློབ་གྲྭའི་འཛིན་གྲྭ་བརྒྱད་པ་དང་དགུ་པའི་སློབ་མ་ཁྱོན་གྲངས་ ༨༠ ཙམ་མཉམ་ཞུགས་བྱས་ཡོད་པ་བཅས། །