༢༠༡༢ ཟླ་ ༡༡ ཚེས་ ༢༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༩ ཉིན་སྤྱི་ཟུར་བསྟན་སྐྱབས་ལགས་ཀྱི་གནས་ཚུལ་བཏང་གནས་ནང་འཁོད་དོན། རྒྱ་ནག་གཞུང་གིས་བོད་མིར་མི་སྤྱོད་ལས་འདས་པའི་སྲིད་བྱུས་ལག་བསྟར་བྱས་རྐྱེན་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ད་བར་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་རྗེས་དྲན་ཞུ་ཆེད། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༨ ཉིན་རྗེ་བཙུན་མཁའ་འགྲོ་རིན་པོ་ཆེ་མཆོག་དང་། པད་རྣམ་རིན་པོ་ཆེ། སྤྲུལ་སྐུ་རྡོ་རྗེ་འབུམ་སོགས་དབུ་བཞུགས་ཀྱིས་ཨོ་རྒྱན་སྨིན་གྲོལ་གླིང་གི་ལྷ་བབས་མཆོད་རྟེན་ཆེན་མོའི་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་རྒྱས་པ་འབུལ་ཤོམ་དང་འབྲེལ་དགེ་འདུན་པ་དང་། ས་གནས་མི་མང་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་ངག་བཅད་སྐར་མ་གཅིག་རིང་ཞུས་རྗེས་ས་གནས་འགོ་འཛིན་ནས་གསུང་བཤད་གནང་ཡོད། དེ་རྗེས་ཕྱི་དྲོ་ཆུ་ཚོད་ ༤ ནས་ ༦།༣༠ བར་སྨོན་ལམ་གསུང་འདོན་གནང་སྟེ་མཐར་མར་མེ་མཆོད་སྐོར་གནང་འདུག་པ་བཅས།།