༢༠༡༢ ཟླ་ ༡༡ ཚེས་ ༣ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝར་ (Geneva) རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་ལྕམ་སྐུ་ན་ཝི་པིལ་ལེ་(Navi Pillay) མཆོག་གིས་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ཤུགས་ཆེ་ཞིག་སྤེལ་བར་རྡ་སར་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ལ་བློ་སྤོབས་དང་སྙིང་སྟོབས་འཕར་མ་ཞིག་སྐྱེ་བྱུང་། ཞེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དགའ་བསུའི་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། ལྕམ་སྐུ་ན་ཝི་པིལ་ལེ་མཆོག་གིས་རྒྱ་ནག་གཞུང་ལ་རེ་འདུན་བཏོན་པའི་ནང་དོན་གཙོ་བོ་ནི།
བོད་མི་རྣམས་ཡུན་རིང་ནས་དཀའ་ངལ་མྱངས་དང་མྱོང་བཞིན་པར་བརྟེན་ད་ཆ་རང་ལུས་མེར་སྲེག་གཏོང་རྒྱུས་མཚོན་འུ་ཐུག་ཐབས་ཟད་ཀྱིས་ལས་འགུལ་སྤེལ་ཏེ་རྒྱ་ནག་གཞུང་གིས་དམ་བསྒྲགས་ལ་ངོ་རྒོལ་བྱེད་དགོས་པའི་གནས་སྟངས་ཆགས་ཡོད་པ་དང། བོད་མི་ཚོས་རང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱས་པར་རྒྱ་ནག་གཞུང་གིས་དྲག་གནོན་མུ་མཐུད་བྱེད་བཞིན་པའི་གནས་སྟངས་དེར་ཧ་ཅང་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་བོད་མིའི་དཀའ་ངལ་དེ་དག་གང་མྱུར་སེལ་ཐབས་བྱེད་དགོས། ཞེས་ལྕམ་སྐུ་མཆོག་གིས་རེ་འདུན་ཤུགས་ཆེ་བཏོན་ཡོད།
བོད་མིའི་སྒྲིག་འཛུགས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་སྤེལ་བའི་བསྒྲགས་གཏམ་དེས་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཡིན་པར་ངོས་འཛིན་བྱས་པ་ཞིག་རེད་སྙམ་བཞིན་ཡོད། དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་མཆོག་གིས་བོད་དོན་དང་འབྲེལ་བའི་གནས་ཚུལ་གཞན་ཁག་གཅིག་ལ་རྒྱབ་སྐྱོར་གནང་བ་རྣམས་ནི་གཤམ་གསལ།
༡༽ འབྲེལ་ཡོད་ལས་ཁུངས་ནས་བོད་ནང་དུ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བའི་གནད་དོན་སྐོར་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་གི་གནད་དོན་ཐོག་འབྲེལ་ཡོད་རྒྱ་ནག་གཞུང་གི་དཔོན་རིགས་དང་ལྷན་གླེང་སློང་གནང་ཡོད།
༢༽ བོད་མི་རྣམས་ཀྱིས་ད་ཆ་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་རིགས་སྤེལ་དགོས་ཐུག་པར་བརྟེན། འབྲེལ་ཡོད་ལྷན་ཁང་ནས་བོད་མི་ཚོའི་གནས་སྟངས་ལ་བསམ་ཤེས་ཀྱིས་བོད་མི་ཚོར་སྨྲ་བརྗོད་རང་དབང་སྤྲོད་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་ཡོད།
༣༽ འབྲེལ་ཡོད་ལྷན་ཁང་ནས་བོད་ནང་གི་དངོས་ཡོད་གནས་ཚུལ་རྟོག་ཞིབ་ཆེད་རྒྱལ་སྤྱིའི་རང་དབང་ཅན་གྱི་རྟོག་ཞིབ་ཚོགས་ཆུང་དང་གསར་འགོད་པ་བོད་ནང་དུ་ཆེད་གཏོང་དགོས་པ་རྒྱ་ནག་གཞུང་ལ་རེ་འདུན་བཏོན་ཡོད།
༤༽ འབྲེལ་ཡོད་ལྷན་ཁང་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཐོག་དམིགས་བསལ་རྟོག་ཞིབ་ཚོགས་ཆུང་(UN Special Rapporteurs on Human Rights) གི་སྐུ་ཚབ་འཐུས་མི་རྒྱ་ནག་ནང་ཆེད་གཏོང་འཇུག་དགོས་པའི་འབོད་སྐུལ་ཐེངས་བཅུ་གཉིས་བྱས་ཟིན་པ་རྣམས་ལ། རྒྱ་ནག་གཞུང་གིས་ལག་བསྟར་བྱ་རྒྱུ་ཡིན་ཞེས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནང་དེ་སྔ་ཁས་ལེན་བྱས་པ་རྣམས་ལག་བསྟར་དོན་འཁྱོལ་བྱེད་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་ཡོད་པ་སོགས་ཡིན།
དེར་བརྟེན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་དཔོན་རིགས་དང་ལྷན་གོང་འཁོད་རེ་འདུན་རྣམས་མཇུག་སྐྱོང་གནང་རྒྱུར་བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་བརྟན་པོ་ཡོད། ལྷག་པར་དེང་སྐབས་བོད་ནང་རྒྱ་ནག་གཞུང་གིས་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་བརྟེན། དེ་སྔ་བྱུང་མྱོང་མེད་པའི་བོད་མི་ཚོས་རང་ལུས་མེར་སྲེག་བསྟུད་མར་གཏོང་བཞིན་པའི་ཧ་ཅང་ཛ་དྲག་གི་གནས་སྟངས་དང། རྒྱ་ནག་དཔོན་རིགས་ཚོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་(UNHRC) གིས་རེ་འདུན་བཏོན་པ་རྣམས་ལ་མཁྲེགས་བཟུང་བྱས་པར་བརྟེན། ང་ཚོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིའི་གྲས་སུ་ཡོད་པའི་རྒྱལ་ཁབ་ ༤༧ གྱི་ཚོགས་མི་རྣམ་ལ་བོད་དོན་ཆེད་དམིགས་བསལ་ཛ་དྲག་གི་ལྷན་ཚོགས་ཤིག་ཚུགས་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་བཀོད་ཡོད་པ་བཅས།།