༢༠༡༢ ཟླ་ ༡༡ ཚེས་ ༡༧ རེས་གཟའ་སྤེན་པ།
༄༅། འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་དང་བསླབ་གཞི་རྩ་འཛིན་གྱི་གཞི་རྩའི་ལམ་སྟོན་འོག གཞི་རིམ་གོང་མ་འཛིན་རིམ་དགུ་པ་དང་བཅུ་པའི་ཚན་རིག་དང་རྩིས་རིག་གི་བསླབ་གཞི་རྩ་འཛིན་གཏན་འབེབས་བྱས་འདུག ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༥ ནས་ ༡༦ བར་ཉིན་གཉིས་རིང་ཤེས་རིག་ལས་ཁུངས་སུ། གཞི་རིམ་གོང་མའི་ཚན་རྩིས་གཉིས་ཀྱི་བསླབ་གཞི་རྩ་འཛིན་གཏན་འབེབས་ཚོགས་ཆུང་གི་ཚོགས་འདུ་ཚོགས་ཡོད། ཚོགས་འདུའི་དབུ་འབྱེད་ཐོག་ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་གི་འགན་འཛིན་དྲུང་འཕར་བཀྲ་ཤིས་དོན་གྲུབ་ལགས་ནས༌ཚོགས་འདུ༌ངོ་སྤྲོད་དང་བཅས་དབུ་འཛུགས་གནང་འདུག
བསླབ་གཞི་རྩ་འཛིན་གཏན་འབེབས་ཀྱི་ཚོགས་འདུ་འདིའི་ནང་དྷ་ས་བོད་ཁྱིམ་དང་། རྒྱ་གར་དབུས་བོད་སློབ་འཛིན་ཚོགས། སམ་བྷོ་ཊ་བོད་སློབ་བཅས་ཀྱི་ཚན་རིག་དང་རྩིས་རིག་གི་སློབ་དགེ་ཁག་ཅིག་ཕེབས་ཡོད་པ་མ་ཟད་ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད༌ཀྱང་ཚོགས་ཞུགས་གནང་འདུག དུས་ཡུན་ཉིན་གཉིས་རིང་གི་ཚོགས་འདུ་ཐོག བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་ནས་བཟོ་འགོད་བྱས་པའི་གཞི་རིམ་གོང་མའི་ཚན་རིག་དང་རྩིས་རིག་གི་བསླབ་གཞི་རྩ་འཛིན་གྱི་རགས་ཟིན་ཐོག་གོ་བསྡུར་དང་སྦྱངས་བཤད་ཀྱིས་གཏན་འབེབས་བྱས་ཡོད་པ་བཅས།།