༢༠༡༢ ཟླ་ ༡༡ ཚེས་ ༡༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༢ ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་གཞུང་མང་ནས་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་ཚོགས་སྐབས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་དོན། མཁན་རིན་པོ་ཆེ་མཆོག་གིས་གཙོས་པའི་སྐྱབས་གནས་དགེ་འདུན་གྱི་སྡེ་དང་། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། མི་མང་དང་སློབ་ཕྲུག་རྣམ་པ། དེ་རིང་ཡང་བསྐྱར་བློ་ཕམ་གྱི་གནས་ཚུལ་ཞུ་རྒྱུར། ཨ་མདོ་རེབ་གོང་ནས་ཡིན་པའི་སྙིང་དཀར་བཀྲ་ཤིས་ལགས་དགུང་ལོ་ ༢༤ ཡིན་པས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག་པ་དང་། དེ་བཞིན་ཨ་མདོ་རེབ་གོང་ནས་ཡིན་པ་སྙིང་དཀར་འབུམ་ལགས་དགུང་ལོ་ ༡༨ ཡིན་པས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག ད་བར་དུ་རང་ལུས་མེར་སྲེག་བཏང་མཁན་གྲངས་ ༧༢ བྱུང་བའི་ནང་ནས་ ༥༨ འདས་གྲོངས་སུ་གྱུར་འདུག རྒྱབ་ཤིག་ཅིག་བྱས་ཏེ་ད་བར་རང་ལུས་མེར་སྲེག་གཏོང་མཁན་ག་དུས་དང་ག་པར་བྱུང་ཡོད་མེད་རྟོགས་ཐུབ་ན་ཚོར་བ་བསླེབ་རྒྱུ་དང་སེམས་འགུལ་ཐེབས་རྒྱུར་གནད་འགག་གཅིག་མེད་དམ་སྙམ་བྱུང་།
དེ་སྔོན་ཞུས་ཟིན་པ་ལྟར་ད་ཆ་གྲངས་ ༧༢ དང་ ༥༨ ཆགས་སྐབས་གྲངས་འབོར་ལ་གྱུར་རྒྱུའི་ཉེན་ཁ་ཞིག་ཡོད་པའི་སྐབས་འདིར། ད་བར་བོད་ནང་རང་ལུས་མེར་སྲེག་བཏང་མཁན་གྲངས་ ༧༢ བྱུང་བའི་ཐོག་མ་དེ་ཕྱི་ལོ་ ༢༠༠༩ ནང་ ༡ བྱུང་འདུག དེ་ནས་ཕྱི་ལོ་ ༢༠༡༡ ནང་ ༡༢ བྱུང་བ་དེ་ཡང་ཕྱི་ཟླ་གསུམ་པའི་ནང་གཅིག ཕྱི་ཟླ་བརྒྱད་པའི་ནང་གཅིག ཕྱི་ཟླ་དགུ་པའི་ནང་གཉིས། ཕྱི་ཟླ་བཅུ་པའི་ནང་དྲུག ཕྱི་ཟླ་བཅུ་གཅིག་ནང་གཅིག ཕྱི་ཟླ་བཅུ་གཉིས་ནང་གཅིག འདི་ལོ་ཕྱི་ལོ་ ༢༠༡༢ ནང་ ༥༩ བྱུང་འདུག ཕྱི་ཟླ་དང་པོའི་ནང་ ༤ གཉིས་པའི་ནང་ ༦ གསུམ་པའི་ནང་ ༡༠ བཞི་པའི་ནང་ ༢ ལྔ་པའི་ནང་ ༣ དྲུག་པའི་ནང་ ༤ བདུན་པའི་ནང་ ༢ བརྒྱད་པའི་ནང་ ༧ དགུ་པའི་ནང་ ༡ བཅུ་པའི་ནང་ ༡༠ བཅུ་གཅིག་ནང་ ༡༠ བྱུང་འདུག དེ་ལྟར་བོད་ནང་ཡོད་པའི་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ཚོས་རང་ཉིད་ཀྱི་རྩ་ཆེའི་ལུས་པོ་བོད་ཀྱི་རྩ་དོན་ཆེད་བློས་གཏོང་གནང་ཡོད་པ་དེ་བས་མང་དུ་འགྲོ་བཞིན་པར་སོང་རྒྱལ་སྤྱི་དང་རྒྱ་ནག་སྲིད་གཞུང་། བཙན་བྱོལ་བོད་མི་བཅས་པར་བརྡ་ལན་གསལ་པོ་ཆགས་ཡོད། ཉེ་བའི་ཆར་གསར་འགྱུར་བརྒྱུད་ལམ་ཁག་གི་དོ་སྣང་དང་ཁྱབ་བསྒྲགས་ཤུགས་ཆེ་རུ་འགྲོ་བཞིན་འདུག དེ་ཡང་དེ་རིང་རང་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ནིའོ་ཡོཀ་དུས་བབ་ཚགས་ཤོག་སྟེང་གནས་ཚུལ་ཐོན་འདུག
དེ་བཞིན་༸གོང་ས་མཆོག་དེང་སྐབས་ཉི་ཧོང་ནང་ཆིབས་སྒྱུར་བསྐྱངས་ཡོད་པ་མཛད་འཕྲིན་རྒྱས་པོ་བྱུང་ཡོད་ཅིང་ལྷག་པར་ཉི་ཧོང་གྲོས་ཚོགས་སུ་ཆིབས་སྒྱུར་བསྐྱངས་ཏེ་གྲོས་ཚོགས་འཐུས་མི་ ༡༥༠ དང་མཇལ་འཕྲད་མཛད་ཡོད། དེའི་ནང་ནས་ཉི་ཧོང་གཞུང་རང་གི་བློན་ཆེན་སྐུ་ངོ་མ་བཅར་ཏེ་ཕེབས་བསུ་ཞུས་འདུག དེ་བཞིན་གྲོས་ཚོགས་འཐུས་མི་སྤྱི་ཡོངས་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་ཡོད་པའི་ཡིག་ཆ་ཞིག་བཏོན་གནང་འདུག དམིགས་བསལ་ཉི་ཧོང་ནང་སྲིད་གཞུང་རྒྱུན་རིང་པོ་འཛིན་ཐུབ་མཁན་གྱི་སྲིད་བློན་ཟུར་པ་དང་ད་ལྟའི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་ཤིན་ཛོ་ཨ་བྷི་མཆོག་གིས་རང་ཉིད་སྐུ་སྒེར་ངོས་ནས་བོད་དོན་ཐོག་གང་ཐུབ་ཅི་ཐུབ་ཞུ་གི་ཡིན་ཞེས་ཁས་ལེན་གཙང་མ་ཞུས་འདུག ཞུ་དགོས་དོན་འདི་ཉི་ཧོང་ནང་ཆབ་སྲིད་འོས་འདུ་ཡོང་གི་རེད་ཅེས་བགྲོ་གླེང་གནང་བཞིན་ཡོད། ལོ་རྗེས་མའི་ལོ་མགོར་འོས་འདུ་གནང་གི་རེད་ཅེས་དང་དེ་ལྟར་གནང་ཚེ་སྐབས་དེར་ཁོང་རྣམ་པས་བསྐྱར་དུ་སྲིད་གཞུང་སྐྱོང་རྒྱུའི་རེ་བ་ཡོད་པའི་ཚོགས་པ་ཞིག་ཡིན་སྟབས་དེའི་ཚོགས་གཙོས་དེ་ལྟར་གསུངས་པ་དེ་ནི་གནད་འགག་ཆེན་པོ་ཞིག་རེད་སྙམ་བཞིན་ཡོད།
དམིགས་བསལ་༸གོང་ས་མཆོག་ཆིབས་སྒྱུར་བསྐྱངས་པ་དང་གྲོས་ཚོགས་འཐུས་མི་སྤྱི་ཡོངས་ནས་གསལ་བསྒྲགས་གནང་བར་རྒྱ་ནག་སྲིད་གཞུང་གིས་འཕྲལ་དུ་སྐྱོན་བརྗོད་བྱས་འདུག དེས་ག་རེ་སྟོན་གྱི་ཡོད་དམ་ཞུས་ན། ཉི་ཧོང་ནང་སྔར་དང་མི་འདྲ་བར་བོད་དོན་ཐོག་དོ་སྣང་དང་རྒྱབ་སྐྱོར་གྱི་རྣམ་པ་དེ་གསལ་པོ་ཐོན་ཡོད། བརྒྱུད་ལམ་ཁག་ནས་ཚང་མ་གསལ་པོ་མཁྱེན་གྱི་ཡོད། སྲིད་སྐྱོང་རང་ཉིད་ཀྱང་ཉི་ཧོང་ལ་བཅར་རྒྱུའི་གོ་སྐབས་བྱུང་། སྐབས་དེར་གྲོས་ཚོགས་འཐུས་མི་བརྒྱ་ཙམ་གྱིས་ཐོག་མར་བོད་དོན་ཐོག་རྒྱབ་སྐྱོར་ཡོད་པའི་རྣམ་པ་བསྟན་ཡོད་པ་དེ་མུ་མཐུད་གནས་ཡོད་པ་དེས་བོད་དོན་ལ་སྤྱི་ཡོངས་ནས་དོ་སྣང་དང་རྒྱབ་སྐྱོར་ཡོང་གི་ཡོད་པ་སྟོན་གྱི་ཡོད་པ་རེད། དེ་བཞིན་ཉིན་གཉིས་རྗེས་བོད་དོན་རྒྱབ་སྐྱོར་ཚོགས་པ་རྒྱལ་སྤྱི་སྤྱི་ཡོངས་ནས་རྒྱལ་ཁབ་བཞི་བཅུ་ཞེ་གྲངས་ནས་རྡ་སར་ཕེབས་བཞིན་ཡོད་པ་རྣམས་ཀྱིས་ཉིན་གསུམ་རིང་བོད་དོན་ཆེད་ག་རེ་གནང་རྒྱུ་ཡོད་སྐོར་གྲོས་སྡུར་རིམ་པ་གནང་བའི་ཐོག་ནས་ལས་འགུལ་རིམ་པས་སྤེལ་རྒྱུའི་འཆར་གཞི་བསྒྲིག་གི་རེད་ཞུ་རྒྱུ་ཡིན།
དེ་རིང་ཞོགས་པ་གྲོས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་དང་སྲིད་སྐྱོང་འཛོམས་ཏེ་དམིགས་བསལ་ཚོགས་ཆེན་སྐབས་ལས་འགུལ་སྤེལ་རྒྱུ་མང་པོ་ཞིག་ཡོད་པ་དེ་དག་ཐོག་ལས་འགུལ་ཇི་ལྟར་སྤེལ་སྐོར་གྲོས་སྡུར་བྱས་དང་བྱེད་བཞིན་ཡོད། དམིགས་བསལ་ལོ་གསར་སྔོན་ལ་བཀའ་སྤྱི་ཐུན་མོང་ཐོག་ནས་ལས་འགུལ་སྤེལ་རྒྱུ་གང་ཡོད་སྐོར་ལ་གྲོས་སྡུར་བྱས་དང་བྱེད་བཞིན་པ་ཡིན་ཞུ་རྒྱུ་ཡིན། དེ་རིང་བོད་མིའི་སྒྲིག་འཛུགས་ཐོག་ནས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། དེ་བཞིན་ཆོས་ཚོགས་ཁག སྤྱི་མཐུན་ཚོགས་པ་སྤྱི་ཡོངས་ལ་ཞུ་རྒྱུར། ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་༸གོང་ས་མཆོག་ལ་ནོ་བེལ་གཟེངས་རྟགས་འབུལ་ལམ་ཞུས་པའི་ཉིན་དང་དམིགས་བསལ་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་ཡིན་པར་སོང་ཉིན་དེར་རྒྱལ་སྤྱིའི་གདུང་སེམས་མཉམ་སྐྱེའི་ཉི་མོར་སྲུང་བརྩི་གནང་རོགས་ཞུ་རྒྱུ་ཡིན། ཉིན་དེར་ཆོས་ཚོགས་ཁག་དང་བོད་དོན་རྒྱབ་སྐྱོར་ཚོགས་པ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་ཚོགས་པ་ཐུན་མོང་གིས་མཉམ་སྦྲེལ་ཐོག་ནས་ཉིན་བརྒྱ་དུས་གཅིག་ལ་ལས་འགུལ་རྒྱ་གང་ཆེ་སྤེལ་རོགས་གནང་ཞུ་རྒྱུ་ཡིན།
དམིགས་བསལ་བོད་མི་ཚོས་འགན་ཁྱེར་བའི་ཐོག་ནས་གསར་འགྱུར་བརྒྱུད་ལམ་ཁག་གི་ལས་ཁུངས་སུ་བཅར་ཏེ་བོད་ཀྱི་གནད་དོན་ཆ་ཚང་ཞུ་རོགས་གནང་ཞུ་རྒྱུ་ཡིན། དེའི་ཆེད་དུ་བོད་མིའི་སྒྲིག་འཛུགས་ཐོག་ནས་དམིགས་བསལ་ཕྱོགས་སྒྲིག་ཞུས་པའི་གློག་བརྙན་སྐར་མ་བཅུ་ཅན་ཞིག་ཕྱི་ཟླ་བཅུ་གཉིས་པའི་ཚེས་ཤར་ལ་འགྲེམས་སྤེལ་བྱེད་རྒྱུ་ཡིན་པ་དེ་ངེས་པར་དུ་གསར་འགོད་པ་ཚོར་ཕུལ་ཐུབ་པ་དང་། དེ་བཞིན་ས་གནས་གྲོས་ཚོགས་དང་དབུས་གྲོས་ཚོགས་ཀྱི་འཐུས་མི་ཚོར་ཕུལ་ཐུབ་པ་གནང་རོགས་གནང་ཞུ་རྒྱུ་ཡིན། བསྐྱར་དུ་ཞུ་རྒྱུར་ཕྱི་ཟླ་ ༡༢ ཚེས་ ༡༠ དེ་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དེ་རྒྱལ་སྤྱིའི་གདུང་སེམས་མཉམ་སྐྱེའི་ཉིན་མོར་བརྩིས་ཏེ་རྒྱལ་སྤྱི་སྤྱི་ཡོངས་སུ་བོད་རིགས་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐུན་མོང་ནས་ཉིན་བརྒྱ་དུས་གཅིག་ལ་གདུང་སེམས་མཉམ་སྐྱེའི་ཉི་མོར་སྲུང་བརྩི་ཞུ་རོགས་གནང་ཞེས་རེ་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་གསུང་བཤད་གནང་ཡོད་པ་བཅས།།