༢༠༡༢ ཟླ་ ༡༡ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༤ ཉིན་༸གོང་ས་མཆོག་གིས་ཐེངས་འདིའི་ཉི་ཧོང་ཁུལ་གྱི་མཛད་འཕྲིན་གྱི་ཉིན་དང་པོར་ཉི་ཧོང་གི་གྲོང་ཁྱེར་ཡོ་ཀོ་ཧ་མའི་པེ་སི་ཕི་ཀོའི་འགྲེམས་སྟོན་ཁང་གི་ཚོགས་ཁང་ནང་ Yokohama Pacifico Exhibition Hall དགེ་བཤེས་གླང་རི་ཐང་པ་རྡོ་རྗེ་སེང་གེས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་དབུ་འཛུགས་མཛད་ཡོད། ཆོས་འབྲེལ་སྐབས་ཉི་ཧོང་བ་དང་ཀོ་རི་ཡ། ཨ་རི་བ། ཡུ་རོབ་པ་སོགས་ཁྱོན་མི་གྲངས་ ༦༥༠༠ བརྒལ་བས་མཉམ་ཞུགས་གནང་ཡོད།
དེ་ཡང་མགོན་པོ་གང་ཉིད་མཆོག་གིས་ཆོས་འབྲེལ་དབུ་འཛུགས་མ་མཛད་གོང་འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་གོང་མཐོར་གཏོང་རྒྱུ་གལ་ཆེ་ཡིན་པའི་གནད་དོན་ཐོག་བཀའ་སློབ་སྩལ་དོན།
གཞི་རྩའི་འཛམ་གླིང་ནང་མི་འབོར་ཐེར་འབུམ་བདུན་ཡོད་པ་ཚང་མ་ལུས་སེམས་དང་། སེམས་ཚོར་གང་གི་ཆ་ནས་འགྲོ་བ་མི་རིགས་གཅིག་མཚུངས་ཤིག་ཆགས་ཡོད། གཅིག་གྱུར་གྱི་འདུ་ཤེས་དེའི་ཐོག་ནས་ཕན་ཚུན་བྱམས་བརྩེ་དང་བསམ་པ་བཟང་པོ་བྱ་རྒྱུའི་ཀུན་སློང་གང་ཐུབ་སྐྱེ་ཐབས་བྱེད་དགོས། རང་གི་བསམ་བློ་དེ་ཆགས་སྡང་དང་ཉོན་མོངས་པའི་གཞན་དབང་དུ་སོང་བ་ཡིན་ན་སྐྱིད་པོ་གང་ཡང་མེད། ང་ཚོ་འགྲོ་བ་མིའི་རྒྱུད་ལ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཡོད་པ་བརྒྱུད་བཟང་ངན་གྱི་བླང་དོར་ཤེས་པའི་ཐོག་ནས་རང་གཞན་ཀུན་ལ་ཕན་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཐབས་བྱེད་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་བསྟུན། ལེགས་སྦྱར་དང་རྒྱ་ནག ཀོ་རི་ཡ། ཉི་ཧོང། བོད་བཅས་སོ་སོའི་ཡུལ་སྐད་ནང་ཤེས་རབ་སྙིང་པོ་གསུང་འདོན་གནང་རྗེས་༸གོང་ས་མཆོག་གིས་ཆོས་འབྲེལ་དངོས་སུ་དབུ་འཛུགས་མཛད།
དེ་ཡང་ཆོས་འབྲེལ་གྱི་མཛད་རིམ་འགོ་མ་ཚུགས་གོང་དུ་༸གོང་ས་མཆོག་གིས་ཐེ་ཝན་དུ་རྟེན་གཞི་བྱས་པའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ Association of Tibetan Buddhist Centres in Taiwan ནས་ཕེབས་པའི་ཐེ་ཝན་དད་ལྡན་ཆོས་ཞུ་བ་མི་གྲངས་ ༣༡ ལ་མཇལ་ཁ་སྩལ། ཉིན་གུང་གྲོང་ཁྱེར་ཡོ་ཀོ་ཧ་མའི་རྒྱལ་སྤྱིའི་གསོལ་མགྲོན་ཁང་དུ་ལྗགས་སྨིན་སྐབས་འབྲེལ་ཡོད་ཉི་ཧོང་གི་མི་སྣ་གལ་ཆེ་ཁག་གཅིག་དང་མཇལ་འཕྲད་མཛད། ཕྱེད་ཡོལ་དུ་༸གོང་ས་མཆོག་གིས་ཚོགས་ཁང་དེར་སེམས་བཟང་པོ་ཞིག་བསྐྲུན་པའི་ཐོག་ནས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་ཐབས་སྐོར་མང་ཚོགས་སྟོང་ཕྲག་བརྒལ་བར་བཀའ་སློབ་སྩལ་ཡོད། དེ་ཡང་མཛད་སྒོའི་ཐོག་མར་ཉི་ཧོང་གི་གསར་འགོད་པ་གྲགས་ཅན་ལྕམ་སྐུ་ཤིན་ཊོ་མ་ས་ཀོ་ Ms Shinto Masako མཆོག་གིས་ངོ་སྤྲོད་ཀྱི་གསུང་བཤད་གནང་ཡོད། དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན།
ང་ཚོ་ཚང་མ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་སེམས་ཞི་བདེ་བག་ཕེབས་ཤིག་བསྐྲུན་རྒྱུའི་ནུས་པ་ཡོད། དེ་འདྲ་ཞིག་ཡོང་བར་ང་ཚོས་ཕན་ཚུན་འགྲོ་བ་མི་གཅིག་གྱུར་ཡིན་བསམ་པའི་འདུ་ཤེས་འཛིན་ཐུབ་པ་དགོས། ང་ཚོ་ཚང་མས་བདེ་བ་འདོད་པ་དང་སྡུག་སྔལ་མི་འདོད་པ་གཅིག་གྱུར་ཡིན་པ་མ་ཟད། བདེ་བ་བསྒྲུབ་རྒྱུ་དང་སྡུག་སྔལ་དོར་རྒྱུའི་ཐོབ་ཐང་ཡང་གཅིག་མཚུངས་སུ་ཡོད། དེར་བརྟེན་ང་ཚོའི་དབར་དབྱེ་འབྱེད་ཀྱི་ས་མཚམས་གང་ཡང་མེད། དེང་སྐབས་ང་ཚོར་འཕྲད་བཞིན་པའི་འཛམ་གླིང་ནང་གི་དཀའ་ངལ་མང་ཆེ་བ་ང་ཚོ་མིས་བཟོས་པ་ཤ་སྟག་ཡིན། འཛམ་གླིང་གི་མི་གྲངས་ཐེར་འབུམ་བདུན་ཡོད་པ་ནས་སུ་གཅིག་གིས་ཀྱང་སྡུག་སྔལ་མི་འདོད། དེ་ན་སྡུག་སྔལ་གྱི་རྒྱུ་ཆགས་སྡང་དང་དཔལ་འབྱོར་ལ་འདོད་སྲེད་སོགས་ཉོན་མོངས་པའི་བསམ་པ་ཤུགས་ཆུང་དུ་གཏོང་དགོས། ང་ཚོར་དངུལ་དང་དཔལ་འབྱོར། འཕྲུལ་རིགས་སོགས་ཡར་རྒྱས་དགོས་ཀྱི་ཡོད།
འོན་ཀྱང་ཕྱི་དངོས་པོ་ཡར་རྒྱས་དང་འཛུགས་བསྐྲུན་རྐྱང་པས་དོན་དམ་སེམས་ནང་གི་བདེ་སྐྱིད་སྐྲུན་ཐབས་མེད། དངུལ་དང་དཔལ་འབྱོར་ལ་འདོད་སྲེད་ཤུགས་ཆེ་དྲགས་པ་དང། འགྲན་རྩོད་ཀྱི་བསམ་པ་ཤུགས་ཆེ་དྲགས་པ་དེ་དག་ལ་བརྟེན་ནས་མི་ཕན་ཚུན་ཡིད་ཆེས་བརླགས་པ་དང། དོགས་ཟོན་བྱེད་པ་སོགས་ཡོང་བཞིན་ཡོད། དེར་བརྟེན་འབྱོར་ལྡན་ཕུན་སུམ་ཚོགས་པོ་ཡོད་མཁན་མང་པོ་ཞིག་གྲོགས་མེད་གཅིག་པུར་ལུས་པའི་སེམས་སྡུག་ཡོང་བཞིན་ཡོད་པ་ང་ཚོས་མཐོང་ཆོས་སུ་ཡོད། དུས་རབས་ ༢༡ ནང་རྡུལ་ཕྲན་རྣམ་གཞག་གིས་མཚོན་པའི་རིགས་གསར་གྱི་སྒོ་མོ་ཡངས་པོར་ཕྱེ་ཡོད་ཀྱང་གསར་བརྗེ་དེ་དག་ལ་བརྟེན་ནས་འཛམ་གླིང་ནང་རྒྱལ་ཁབ་ཕན་ཚུན་དབར་འཇིགས་སྣང་དང་དོགས་ཟོན་སྔར་བས་ཆེ་རུ་བྱེད་དགོས་ཆགས་ཡོད། དཔེར་ན་ཉི་ཧོང་གི་གྲོང་ཁྱེར་ཧི་རོ་ཤི་མ་དང་ན་ག་ས་ཀི་གཉིས་ལ་རྡུལ་ཕྲན་མཚོན་ཆས་གནོད་འཚེ་ཧ་ཅང་ཚབས་ཆེ་བཟོས་ཡོད། སྔ་ལོ་ངོས་རང་ཉི་ཧོང་དུ་ཡོད་སྐབས་ས་ཁུལ་དེ་གཉིས་ནང་རྡུལ་ཕྲན་མཚོན་ཆས་གནོད་འཚེ་དངོས་སུ་མྱོང་མཁན་མི་སྣ་ཁག་གཅིག་དང་ཐུག་འཕྲད་བྱུང་ཁོང་ཚོར་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་རྡུལ་ཕྲན་མཚོན་ཆས་གོད་ཆག་ཕོག་ཡོད་ཀྱང་ད་ལྟའང་སེམས་ནང་རྟག་ཏུ་འཇིགས་སྣང་དང་དངངས་སྐྲག་འོག་གནས་དགོས་པ་ཆགས་འདུག
དེར་བརྟེན་ཕུལ་བྱུང་གི་འཕྲུལ་ཆས་རིག་པ་དེས་ང་ཚོར་དཀའ་ངལ་འཕར་མ་བཟོ་མཁན་ལྟ་བུ་ཆགས་ཡོད། འོན་ཀྱང་དེ་དག་ཚང་མ་འཕྲུལ་ཆས་ཀྱིས་ནོར་བ་རེད་ཅེས་འཕྲུལ་ཆས་ལ་ཁ་འདོགས་བྱེད་རྒྱུ་གང་ཡང་མེད། དཀའ་ངལ་དེ་དག་ཡོང་གཞི་གཙོ་བོ་ནི་མིའི་དབང་ཆའི་ཐོབ་ཐང་ལ་འདོད་སྲེད་ཆེ་དྲགས་པའི་སྐྱོན་གྱི་ཡིན། འོན་ཀྱང་དུས་རབས་ ༢༠ མཇུག་ཙམ་ནས་འཛམ་གླིང་ནང་ཞི་བདེ་སྤེལ་རྒྱུའི་བསམ་བློ་ཤུགས་ཆེ་རུ་ཕྱིན་ཏེ་ལས་འགུལ་དེ་ཤུགས་ཆེ་རུ་ཕྱིན་ཏེ། ད་ཆ་ཚང་མས་འཛམ་གླིང་ནང་ཞི་བདེ་དགོས་ཀྱི་འདུག འཚེ་བ་དང་དྲག་པོར་ངོ་རྒོལ་བྱེད་ཤུགས་ཆེ་རུ་འགྲོ་བཞིན་ཡོད། ལྷག་པར་ཉི་ཧོང་ལྟ་བུའི་ནང་ཉི་ཧོང་རང་ཉིད་ཀྱིས་རྡུལ་ཕྲན་མཚོན་ཆའི་གནོད་འཚེ་དངོས་སུ་མྱངས་པར་བརྟེན། རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཞིག་ལ་དངོས་ར་འཕྲོད་པའི་ཐོག་ནས་ལས་འགུལ་ཧ་ཅང་ཤུགས་ཆེ་སྤེལ་དང་སྤེལ་མུས་ཡིན། དེང་སྐབས་ཚན་རིག་པ་ཚོས་ཀྱང་ལུས་བདེ་ཐང་ཆེད་སེམས་ནང་ཞི་བདེ་དགོས་རྒྱུ་ཧ་ཅང་གལ་ཆེན་པོར་ངོས་འཛིན་བྱེད་བཞིན་ཡོད། དེ་ལས་ལྡོག་སྟེ་སེམས་ནང་རྟག་ཏུ་འཇིགས་སྣང་དང་དངངས་དཀྲག་ཡོད་པ་དེས་ལུས་ཀྱི་ཟུངས་ཤུགས་ལ་ཧ་ཅང་གནོད་ཚབས་བཟོ་བཞིན་ཡོད་པ་ངོས་འཛིན་གནང་བཞིན་ཡོད།
དེར་བརྟེན་མི་ཚེའི་ནང་བཟང་ཕྱོགས་སུ་ལྟ་རྒྱུའི་བསམ་བློ་རྒྱུན་བཅང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་བཀའ་སློབ་སྩལ་རྗེས་དྲི་བ་རྣམས་ལ་བཀའ་ལན་མཛད་ཡོད། དེ་ཡང་ཉི་ཧོང་དང་ཤར་ཨེ་ཤི་ཡའི་སྐུ་ཚབ་དོན་གཅོད་འཚོ་སྒོ་ལྷག་པ་ལགས་ཀྱིས་སྐབས་དེར་མང་ཚོགས་ཀྱིས་༸གོང་ས་མཆོག་ལ་དྲི་བ་ཧ་ཅང་མང་པོ་ཡོད་པར་བརྟེན། དྲི་བ་དྲིས་ལན་གྱི་དུས་ཚོད་མ་འདང་བའི་དཀའ་ངལ་བྱུང་ཚུལ་ཡང་གསལ་བཤད་གནང་ཡོད་པ་བཅས།།