༢༠༡༢ ཟླ་ ༡༡ ཚེས་ ༢༢ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༢ རེས་གཟའ་ཕུར་བུའི་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡ ཐོག་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་དང་མོན་གྷོར་ཆིབས་སྒྱུར་བསྐྱངས་སྐབས་བོད་རིགས་གཙོ་བོར་གྱུར་བའི་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་སྐྱལ་ཞུས་ཡོད། དེ་ཡང་ཐེངས་འདིར་མགོན་པོ་གང་ཉིད་མཆོག་ཐོག་མར་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་ Kerala མངའ་སྡེའི་གྲོང་ཁྱེར་ཀོལ་ལམ་ Kollam ཉེ་འགྲམ་དུ་རྟེན་གཞི་བྱས་པའི་ཝར་ཀ་ལ་ Varkala ཞེས་པའི་ས་གནས་སུ་ཧིན་དུའི་ཆོས་ལུགས་ཀྱི་གདན་ས་ཤི་ཝ་གི་རི་Sivagiri Mutt ཞེས་པ་དེར་ཆིབས་སྒྱུར་བསྐྱངས་རྒྱུ་ཡིན་འདུག ས་གནས་དེར་ལོ་ལྟར་ཧིན་དུའི་བླ་ཆེན་དང་གནས་སྐོར་བ་སོགས་གདན་ས་དེར་གནས་མཇལ་དུ་ཡོང་སྲོལ་ཡོད་པ་ལྟར་འདི་ལོ་་སྐབས་ ༨༠ དེ་80th annual pilgrimage season ཡིན་འདུག ཕྱི་ཚེས་ ༢༥ ཉིན་༸གོང་ས་མཆོག་ཨེར་ན་ཀུ་ལམ་ Ernakulam དུ་ཆིབས་སྒྱུར་བསྐྱངས་ཏེ་ཡེ་ཤུ་རྣམ་དག་ཆོས་ལུགས་ཀྱི་ལྷ་ཁང་དུ་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༡༡ ཚེས་ ༢༩ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོར་ཆིབས་བསྒྱུར་བཀྲིན་བསྐྱངས་ཏེ། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་ཕྱི་ལོ་༢༠༠༢ ནས་སྔ་རྗེས་སུ་ལམ་རིམ་ཁྲིད་ཆེན་བརྒྱད་ཀྱི་བཀའ་ཁྲིད་སྐྱབས་འཇུག་ཡོང་བ་ཞེས་ཇི་ལྟར་གསོལ་འདེབས་ཞུ་དོན་བཞིན། ཕྱི་ཚེས་ ༣༠ ནས་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དང་དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེ་གཉིས་སུ་སྔ་ཕྱིར་ལམ་རིམ་ཁྲིད་ཆེན་བརྒྱད་ཀྱི་ཐོག་ཞྭ་དམར་ལམ་རིམ་དང་ལམ་རིམ་རྣམ་གྲོལ་ལག་བཅངས་སོགས་བཀའ་ཆོས་ཉིན་གྲངས་བཅུ་ནས་བཅོ་ལྔ་བར་སྐབས་བསྟུན་གྱིས་བསྩལ་རྒྱུ་དང་། ལྷག་འཕྲོས་རྗེས་ལོར་རྒྱ་གར་ལྷོ་ཕྱོགས་བྷེལ་ཀོབ་སེ་ར་ཐེག་ཆེན་གླིང་དུ་སྩལ་རྒྱུ་ཡིན་འདུག་པ་བཅས།།