༢༠༡༢ ཟླ་ ༡༠ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༩ ཉིན་གྱི་དགོང་མོ་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་(Prague)ནང་མི་མང་ལ་གསུང་བཤད་གནང་དོན། དེ་རིང་ང་རང་འདི་གར་འབྱོར་ཏེ་ཁྱེད་རྣམ་པར་གཏམ་བཤད་བྱེད་རྒྱུ་བྱུང་བར་ཧ་ཅང་དགའ་བྱུང་། ཁྱེད་རྣམ་པ་ཚོར་ངས་ཐོག་མར་འཚམས་འདྲི་ཞུ་རྒྱུ་ཡིན། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་མང་གི་ལས་འགུལ་དེ་དག་གིས་ང་རང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང། སྤྱིར་བཏང་བོད་ནང་གི་བོད་མི་ཚོའི་སེམས་ཤུགས་དང་ལྷག་བསམ་ཤུགས་ཇི་ཆེར་འགྲོ་གི་ཡོད་པ་མ་ཟད། ང་ཚོ་བཙན་བྱོལ་དུ་གནས་པའི་བོད་མི་ཚོས་གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེ་ཞུ་བཞིན་ཡོད།
ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྲིད་དབང་སྒེར་གཅོད་ཀྱི་ཁ་གཏད་ལ་གདོང་ལེན་གནང་ཡོད། དེ་བཞིན་ཡ་རབས་བཟང་སྤྱོད་ལྡན་པའི་དབང་འཛིན་དང་འགྲོ་བ་མིའི་ཐོབ་ཐང་གི་ཆེད་འཐབ་རྩོད་གནང་བ་མ་ཟད། རྒྱལ་ཁ་ཐོབ་པའི་རྒྱལ་ཁབ་དང་མི་མང་ཞིག་ཡིན་པར་བརྟེན། ང་ཚོ་བོད་མི་ཚོས་ཀྱང་ཅེཀ་སྤྱི་མཐུན་རྒྱལ་ཁབ་དང་མི་མང་གི་ལས་འགུལ་སྤེལ་སྟངས་ནས་བསླབ་ཆ་ལེན་དགོས། དེང་སྐབས་བོད་ནང་གི་བོད་མིའི་གནས་སྟངས་ལ་ཆ་བཞག་ན། བོད་མི་ལྔ་བཅུ་ང་དྲུག་ཙམ་གྱིས་བོད་ཀྱི་བདེན་དོན་ཆེད་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་གནང་ཡོད། ཁོང་རྣམ་པས་རང་ལུས་མེར་སྲེག་གཏོང་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་བཅུག་དགོས་པ་དང་། བོད་ལ་རང་དབང་དགོས་ཞེས་འབོད་ཚིག་བསྒྲགས་དང་སྒྲོག་མུས་ཡིན།
སྤྱིར་བཏང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་དེ་བཞིན་འགོ་ཁྲིད་རྣམས་ཀྱིས་དེ་ལྟ༌བུའི་ཚབས་ཆེ་བའི་ལས་འགུལ་དེ་རིགས་མ་སྤེལ་རོགས་ཞེས་འབོད་སྐུལ་ཞུས་ཡོད་ཀྱང་གནས་ཚུལ་མུ་མཐུད་ཡོང་བཞིན་འདུག དེ་དག་གི་འབྱུང་རྐྱེན་གཙོ་བོ་ནི་རྒྱ་ནག་གཞུང་གིས་བོད་ནང་འཆར་གཞི་ལྡན་པའི་སྒོ་ནས་བོད་ཀྱི་ཆོས་དང་སྐད་ཡིག་རིག་གཞུང་སོགས་རྩ་མེད་བཟོ་ཐབས་བྱས་དང་བྱེད་མུས་ཡིན་པ་ཙམ་མ་ཟད། བོད་མི་རྣམས་ལ་འདོད་པ་མེད་བཞིན་དུ་ས་གནས་གཞན་ཞིག་ཏུ་བཙན་དབང་ཐོག་ནས་གནས་སྤོ་བྱེད་འཇུག་གི་ཡོད་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་བཟུང་བར་བརྟེན་ནས་བྱུང་བ་ཞིག་རེད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས། །