༢༠༡༢ ཟླ་ ༡༠ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ཁང་ནས་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༤ ཉིན་གངས་ཅན་སྐྱིད་གཤོངས་ཀྱི་སྤྱི་ཐབ་ཡང་སྟེང་ཚོགས་ཁང་དུ་སྲི་ཞུ་བ་དྲུང་འཕར་དང་ཟུང་དྲུང་ཁྱོན་མི་གྲངས་ ༢༥ ལ་ལས་དོན་འཆར་སྒྲིག་དང་བྱུས་བཀོད་ཀྱི་ཟབ་སྦྱོང་དབུ་འབྱེད་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་དོན། དཔལ་འབྱོར་བཀའ་བློན་མཆོག་གིས་གཙོས་དཔལ་འབྱོར་དྲུང་ཆེ་དང། (SARD) སྤྱི་ཚོགངས་ཡར་རྒྱས་ཐེབས་རྩའི་འགན་འཁུར་བ་རྣམ་པ། འཆར་འགོད་འགན་འཛིན། དྲུང་འཕར་རྣམ་པ། ཟུང་དྲུང་རྣམ་པ། དེ་རིང་འདིར་སྤྱི་ཚོགས་ཡར་རྒྱས་ཐེབས་རྩས་ཟབ་སྦྱོང་འདི་བཞིན་གོ་སྒྲིག་གནང་དགོས་པའི་དམིགས་ཡུལ་དང་འཆར་གཞི་བཅས་ཆ་ཚང་དཔལ་འབྱོར་བཀའ་བློན་མཆོག་གིས་གསུངས་སོང། བཀའ་ཤག་གི་ངོས་ནས་ཀྱང་འདི་གལ་ཆེན་པོ་ཞིག་མཐོང་གི་ཡོད། དམིགས་བསལ་ཟབ་སྦྱོང་གང་གནང་ཡང་བཀའ་བློན་རྣམ་པས་གཙོས་དྲུང་ཆེ་དང། དྲུང་འཕར། ཟུང་དྲུང། དེའི་ནང་ནས་གུ་ཇུ་ར་ཏིར་ཆེད་དུ་(Project Officer) འཆར་འགོད་འགན་འཛིན་ཕེབས་པ་རེད། དེ་དག་ཚང་མ་གནང་དགོས་དོན་ནི་བོད་མིའི་སྒྲིག་འཛུགས་ལ་ཆབ་སྲིད་དང་འཛིན་སྐྱོང་གི་འགན་གཉིས་ཡོད། འཛིན་སྐྱོང་གི་ནང་(Development) ཞེས་མི་མང་ལ་མཐུན་རྐྱེན་བསྐྲུན་རྒྱུའི་འགན་ཡོད་སྟབས། དུས་རྒྱུན་དུ་ང་ཚོས་ལས་ཁུངས་ཁག་ཏུ་ཕྱག་ལས་གནང་བ་དེ་དག་འཛིན་སྐྱོང་དང་མི་མང་ལ་མཐུན་འགྱུར་བསྐྲུན་རྒྱུ་ཡིན་པར་བརྟེན། དེ་གཉིས་ཇི་ལྟར་གནང་དགོས་མིན་དེ་སྤྱི་ཡོངས་ཀྱི་འཆར་གཞི་རྒྱ་ཆེ་བ་ཞིག་དང། དེ་བཞིན་འཛིན་སྐྱོང་ནང་ལས་ཁུངས་ཁག་དང་དེའི་ནང་ནས་ཚན་པ་ཁག དེའི་ནང་འཆར་གཞི་སོ་སོའི་ཐོག་ཕྱག་ལས་གནང་མཁན་ཡོད་པར་བརྟེན། སྤྱི་ཡོངས་ལ་སྤྱི་སྙོམ་གྱིས་བསམ་བློ་གཏོང་སྟངས། འཆར་གཞི་གཏིང་སྟངས། ལག་བསྟར་བྱེད་སྟངས། མཐར་འབྲས་བུ་གང་ཞིག་སྨིན་ཡོད་མེད་ཆ་ཚང་རྟོགས་ཐུབ་ན་ཡག་པོ་འདུག་ཅེས་གཙོ་བོ་འདི་གཞིར་བཞག་པ་ཞིག་རེད། རྣམ་པ་ཚོ་འདིར་འཆར་འགོད་འགན་འཛིན་དཀོན་མཆོག་ལགས་དང་སྦེང་ལོར་ནས་མཁས་པ་ཞིག་ཕེབས་ཡོད་པ་ཁོང་རྣམ་པས་ཟབ་སྦྱོང་ཁྲིད་སྐབས་རང་བཞིན་གྱི་ཟབ་སྦྱོང་འགྲོ་སྟངས་ཀྱི་ཐོག་ནས་དྲི་བ་འགའ་ཤས་དྲིས་སྐབས། དང་པོ་ནས་ང་ཚོའི་བསམ་བློར་འགྲེལ་བཤད་རྒྱག་སྟངས་དང་བསམ་བློ་གཏོང་སྟངས་ཐོག་ནས་གནས་ཚུལ་གཅིག་གཉིས་ཐོན་མདོག་ཁ་པོ་རེད། ཁ་སྔོན་ང་ཚོ་ལའང་ཐོན་སོང། བོད་མིའི་སྒྲིག་འཛུགས་ཀྱི་དམིགས་ཡུལ་ནི་བོད་ལ་ལོག་རྒྱུ་རེད། དབུ་མའི་ལམ་དེ་གཙོ་ཆེ་ཤོས་ཡིན། ཞེས་གསུངས་སྐབས། དེར་དཔག་པའི་ལས་འགུལ་གང་སྤེལ་དགོས་རེད་ཅེ་ན། རྩ་དོན་དང་འབྲེལ་བ་ཡོད་པའི་གནས་ཚུལ་མང་པོ་ཞིག་ཐོན་ཡོང་གི་འདུག དེ་མིན་སྒྲིག་འཛུགས་དང་ལྷན་ཁང་ཞིག་ཡིན་པའི་ཆ་ནས་མི་མང་གི་བདེ་སྡུག་ལ་བལྟ་སྐྱོང་ཆེད། ཁྱེད་རང་ཚོས་ལས་གཞི་སྤེལ་རྒྱུར་ཕུགས་ཀྱི་དམིགས་ཡུལ་གང་ཡིན་བརྗོདསྐབས། དེར་དཔག་པའི་ཕུགས་དང་ཐག་ཉེ་བའི་དམིགས་ཡུལ། ལག་བསྟར་བྱེད་རྒྱུ་འཆར་གཞི་ཞིག་དགོས། དེ་གཉིས་ཁ་སེང་ང་ཚོར་དྲི་བ་དྲིས་སྐབས་བཀའ་བློན་དང་དྲུང་ཆེ་རྣམ་པ་གོ་བསྡུར་བྱེད་སྐབས་དེ་དག་འཁྲུག་གི་འདུག དེ་རིགས་ཡོང་མདོག་ཁ་པོ་རེད། དེ་དག་ང་ཚོས་གལ་ཆེན་པོ་ཞིག་མཐོང་སོང།
གང་ཡིན་ཞེ་ན། ཐོག་མར་ཁྱེད་རང་ཚོའི་(Vision)འཆར་སྣང་དང་(Mission) དམིགས་ཡུལ་ག་རེ་རེད། དེ་གཉིས་པོ་ལག་ལེན་བསྟར་རྒྱུའི་བྱུས་འགོད་(Strategy) གང་རེད་ཅེས་བརྗོད་སྐབས། འཆར་སྣང་དང་དམིགས་ཡུལ་དེ་ཆབ་སྲིད་དམ་རྩ་དོན་དང་འབྲེལ་བ་ཡོད་པའི་ཐོག་ནས་ཕྱིན་ན། དེ་ལ་དཔག་པའི་བྱུས་འགོད་དགོས་ཀྱི་ཡོད། ཐེངས་འདིའི་ཟབ་སྦྱོང་འདི་འཛིན་སྐྱོང་དང་མི་མང་གི་བདེ་སྡུག་བལྟ་རྒྱུའི་ཆེད་དུས་རྟག་ཏུ་ལས་ཁུངས་ཁག་ལ་ཕྱག་ལས་གནང་སྟངས་དེ་འཆར་གཞི་(Project)དང་འབྲེལ་བ་ཡོད་པ་ཐུགས་ལ་བཞག་པའི་ཐོག་ནས་བགྲོ་གླེང་གནང་ན་ཏན་ཏན་ཐུགས་ཕན་གསོ་བ་ཡོང་གི་རེད་སྙམ་གྱི་འདུག དེར་བརྟེན་འཚམས་རེ་གསར་འགྱུར་བརྒྱུད་ལམ་ཁག་གིས་ཁྱེད་རང་སྲིད་སྐྱོང་ཡིན་པའི་ཆ་ནས། བོད་མིའི་སྒྲིག་འཛུགས་ཀྱི་དམིགས་ཡུལ་ག་རེ་ཡིན་ནམ། ཞེས་དྲི་བ་དྲིས་སྐབས། ངས་ལན་ག་རེ་རྒྱག་གི་ཡོད་ཅེ་ན། རྩ་དོན་དང་འབྲེལ་བ་ཡོད་པ་གཅིག་དང་འཛིན་སྐྱོང་དང་འབྲེལ་བ་ཡོད་པ་གཅིག་ཡོད། རྩ་དོན་དང་འབྲེལ་བ་དེ་ཕྱོགས་གཅིག་ནས་ལོ་ལྔའི་ནང་བསྒྲུབ་ཐུབ་རྒྱུའི་འབད་བརྩོན་བྱེད་དགོས་ཀྱི་རེད། ང་ཚོ་ནི་བོད་ལ་ལོག་འགྲོ་རྒྱུ་དེ་རེད། (Fight at 50 years) འཛིན་སྐྱོང་དང་འབྲེལ་བ་ཡོད་པ་དེ་ག་རེ་རེད་ཅེ་ན། ལོ་ལྔ་བཅུ་ཡང་ལྷག་པ་ཡིན་ན། ང་ཚོའི་སྒྲིག་འཛུགས་དེ་ཧྲ་ཏག་ཏག་ཅིག་གནས་ཐུབ་རྒྱུ། གཞིས་ཆགས་སྲ་བརྟན་དང་ཤེས་ཡོན་སོགས་སྤྱི་ཡོངས་ཀྱི་ཐོག་ནས་གནས་ཐུབ་ན། རྩ་དོན་ལ་ཕན་གྱི་ཡོད། གང་ལ་ཟེར་ན་གཞོན་སྐྱེས་ཚོར་སློབ་སྦྱོང་ཡག་པོ་སྤྲད་ཐུབ་པ་དང། དཔལ་འབྱོར་ཡར་རྒྱས་བཏང་ཐུབ་ན། བོད་མིའི་སྤྱི་ཚོགས་ཧྲ་ཐག་གནས་ཐུབ་ན། དེ་དག་གི་སྒྲིག་འཛུགས་ལ་ཕན་གྱི་ཡོད། སྒྲིག་འཛུགས་ཧྲ་ཐག་གནས་ན་དེའི་རྩ་དོན་ལ་ཕན་གྱི་ཡོད། དམིགས་ཡུལ་འདི་ལོ་ལྔ་དང་ལྔ་བཅུ་ཆགས་ཡོད། ལྔ་དེ་གང་ཡིན་བརྗོད་ན་ལོ་ལྔའི་ནང་འཆར་གཞི་འདིང་རྒྱུ་འདི་རེད། ལྔ་བཅུ་འདི་གལ་ཏེ་ང་ཚོ་ད་དུང་ལོ་ལྔ་བཅུ་བཙན་བྱོལ་ལ་ལྷག་པ་ཡིན་ན་ང་ཚོས་གང་བྱེད་དགོས། དེར་བརྟེན་དེ་རིང་འདིར་ང་ཚོས་སྐད་ཆ་ཤོད་རྒྱུ་གཙོ་བོ་ང་ཚོ་འབྱུང་འགྱུར་བཙན་བྱོལ་དུ་ལོ་ལྔ་བཅུ་ལྷག་པ་ཡིན་ན་གྲ་སྒྲིག་གང་འདྲ་བྱེད་དགོས་པ་དེ་ཡིན། དེ་ནས་དངོས་སུ་གྲ་སྒྲིག་བྱེད་སྟངས་དེ་ལས་ཁུངས་སོ་སོར་དམིགས་ཡུལ་རེ་རེ་ཡོད། དྲིལ་བསྒྲགས་ཡིན་ན་ཕྱི་འབྲེལ་དང་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་རྒྱུ་དེ་ཡིན། ཕྱི་འབྲེལ་བརྗོད་ན་གང་རེད། ཕྱི་འབྲེལ་ལས་དོན་གྱི་དམིགས་ཡུལ་དང་འཆར་སྣང་གང་ཡིན། དམིགས་ཡུལ་དང་འཆར་སྣང་དེ་དག་བསྒྲུབ་རྒྱུའི་བྱུས་འགོད་དང་འཆར་གཞི་ཇི་འདྲ་ཡིན། འཆར་གཞི་དེ་དག་དུམ་བུར་བཏང་སྟེ་དངོས་སུ་ལག་བསྟར་བྱེད་སྐབས། འཆར་གཞི་བྱེ་བྲག་པ་རེ་རེའི་ནང་སླར་ཡང་དམིགས་ཡུལ་ངེས་ཅན་དང་དེ་བསྒྲུབ་པར་ཐབས་ལམ་གང་འདྲ་བྱ་རྒྱུ་ཡིན། འཆར་གཞི་དེ་ལག་བསྟར་བྱས་ནས་དོན་འཁྱོལ་ཡོད་མེད་བསྐྱར་ཞིབ་སུས་བྱ་རྒྱུ་ཡིན་ཞེས་དཔྱད་ཞིབ་བྱས་མཐར། ང་ཚོའི་དམིགས་ཡུལ་ལྟར་གྲུབ་འབྲས་ཐོན་ཡོད་མེད་དང་བསྡོམས་ཇི་ལྟར་བརྒྱབ་ཐུབ་མིན། ཕྱོགས་མཚུངས་ནང་སྲིད་དང་ཤེས་རིག འཕྲོད་བསྟེན་ལྷན་ཁང་གང་དང་གང་ཡིན་ནའང་ལྷན་ཁང་སོ་སོའི་དམིགས་ཡུལ་གང་ཡིན་པ་དེ་གསལ་པོ་མེད་པ་ཡིན་ན།
ཕྱི་ནས་ང་ཚོས་རོགས་རམ་གང་འདྲ་ཞིག་བླངས་ཀྱང་དམིགས་ཡུལ་དང་མ་མཚུངས་པ་ཞིག་ཆགས་ན་དཀའ་ངལ་གང་འཕྲད་རྒྱུ་ཡིན་བརྗོད་ན། དངུལ་དེ་འགྲོ་རྐྱང་བྱས་པ་ལས་དངོས་སུ་འཆར་གཞི་དང་ལྡན་པའི་ཐོག་ནས་མང་ཚོགས་ལ་ཕན་ཐོགས་མིན་ཤེས་མ་ཐུབ་པའི་གནས་སྟངས་ཆགས་རྒྱུར་སོང་དངུལ་འཕྲོ་བརླག་ཆགས་རྒྱུ་ཡིན། གཞིས་ཆགས་ལ་ཆ་མཚོན་ན། ད་བར་ལོ་ལྔ་བཅུའི་རིང་ལ་བརྩིས་པ་ཡིན་ན་འགྲོ་སོང་ས་ཡ་རྒྱ་ཕྲག་སྟོང་ཕྲག་མང་པོ་བཏང་ཡོད། འོན་ཀྱང་དངུལ་དེ་དག་བཏང་བ་དེ་གང་དུ་ཕྱིན་པ་རེད། ཅེས་བརྗོད་དགོས་རྒྱུའི་གནས་སྟངས་ཆགས་ཡོད། ཤེས་ཡོན་ཐོག་ནས་ཡིན་ནའང་ཉེ་ལམ་དབུས་བོད་སློབ་འཛིན་ཚོགས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད། ཤེས་ཡོན་ཐོག་ལ་རྒྱ་གར་གཞུང་གིས་ལོ་རེར་ས་ཡ་བཞི་བཅུ་ཞེ་གྲངས་གསོལ་རས་གནང་བཞིན་ཡོད། འགྲོ་གྲོན་དེ་དག་ལོ་ལྔ་བཅུ་ནས་ད་བར་ཡུལ་ཐང་འཕར་བབས་ཐོག་ནས་ (Inflation adjusted) བརྩིས་ན། ལོ་ལྔ་བཅུའི་ནང་རྒྱ་གར་གཞུང་གིས་བོད་ཕྲུག་ཚོའི་ཤེས་ཡོན་ཆེད་ཧིན་སྒོར་ས་ཡ་སྟོང་ཕྲག་གཉིས་ལྷག་ཙམ་གནང་ཡོད། དེའི་ཐོག་ཤེས་རིག་ལས་ཁུངས་ནས་འགྲོ་གྲོན་འཕར་མ་ཁ་སྣོན་བྱས་ཚེ་ཧིན་སྒོར་ས་ཡ་ཉིས་སྟོང་ལྔ་བརྒྱ་ནས་ས་ཡ་གསུམ་སྟོང་བར་གནང་ཡོད། འགྲོ་གྲོན་དེ་དག་བཏང་ཡོད་ཀྱང་གྲུབ་འབྲས་ཇི་བྱུང་ཞེས་འདྲི་སྐབས་ལས་ཁུངས་སོ་སོའི་དམིགས་ཡུལ་འདི་ཡིན། འཆར་སྣང་འདི་ཡིན་ཞེས་ཁ་གསལ་པོའི་ཐོག་ནས་གཏན་འབེབ་བྱས་ཏེ་དམིགས་ཡུལ་དེ་དག་བསྒྲུབ་རྒྱུའི་ཐབས་ལམ་གྲ་སྒྲིག་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེ་ལྟར་བྱུང་ན་ཕུགས་ཀྱི་དམིགས་ཡུལ་དང་ལས་གཞི་ལག་བསྟར་བྱ་རྒྱུ་གཉིས་ཐད་ཀར་འབྲེལ་བ་ཆགས་ཏེ་དམིགས་ཡུལ་གཞིར་བཟུང་འགྲོ་སོང་བསྐོར་ཐུབ་པ་ཞིག་ཡོང་རྒྱུ་ཡིན། དེ་འདྲ་མིན་ན། ཉིན་རེ་བཞིན་ལས་ཀ་བྱེད་ཀྱི་ཡོད་པར་བརྟེན། ལས་ཀ་བྱེད་རྐྱང་དང་འགྲོ་སོང་གཏོང་རྐྱང་བྱས་ཏེ་ལོ་གཉིས་ཙམ་གྱི་རྗེས་སུ་ཕྱི་མིག་བལྟ་སྐབས། ང་ཚོས་འགྲོ་སོང་དེ་དག་བཏང་ནས་གྲུབ་འབྲས་གང་བྱུང་ཞེས་དྲི་བ་ཞིག་གཏོང་སྐབས། གྲུབ་འབྲས་སྟོན་རྒྱུ་མེད་པ་དེ་འདྲ་ཞིག་ཡོང་ཉེན་ཡོད། དཔེར་ན། ཤེས་རིག་ལས་ཁུངས་ལྟ་བུ་ཞིག་གིས་ང་ཚོས་དེབ་མང་པོ་ཞིག་དཔར་སྐྲུན་ཞུས་ཡོད་ཅེས་བརྗོད་སྐབས། དཔེ་དེབ་དེ་དག་ཕྲུ་གུར་ཕན་ཐོགས་བྱུང་ཡོད་མེད་ཅེས་ཞིབ་འཇུག་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ལས་གཞི་ཇི་འདྲ་ཞིག་སྤེལ་ཡང་དམིགས་ཡུལ་བསྒྲུབ་ཆེད་བྱུས་འགོད་དང་འཆར་གཞི་ལྡན་པའི་ལངས་ཕྱོགས་ (Strategic Planning) ཤིག་ཡོད། ལངས་ཕྱོགས་དེར་དབྱིན་སྐད་ཐོག་ནས་སོ་ཌ་ (SWOT Analysis) ཞེས་བརྗོད་བཞིན། ཨེ་སི་(S) ནི་(Strength) ནུས་པ་ཡིན། ཌབ་ལུ་(W) ནི་(Weekness) ཞེན་ཆ་ལ་གོ ཨོ་(O) ནི་(Opportunity) གོ་སྐབས། ཊི་(T)ནི་(Threat) ཉན་ཁ་ལ་གོ་དགོས། ཉེན་ཁ་གཅིག་ཁ་སེང་ང་ཚོས་སྐད་ཆ་བྱུང་བ་ནི། གལ་ཏེ་ཕྱི་ནས་ང་ཚོར་རོགས་དངུལ་ཉུང་དུ་ཕྱིན་ན།
བྱུང་འགྱུར་ལོ་ལྔའམ་ལྔ་བཅུའི་འཆར་གཞི་འདིང་སྐབས་དངུལ་ཉུང་ཉུང་ཞིག་ཐོག་ནས་དེ་ལ་གཞིགས་པའི་ང་ཚོས་འཆར་གཞི་ལག་བསྟར་ཇི་འདྲ་བྱེད་དགོས་མིན། ཞེས་པའི་ཉེན་ཁ་ཞིག་སླེབས་བཞིན་ཡོད། དེར་བརྟེན་ཁ་སྔོན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་དང་མཛད་གཙོ་རྣམ་པར་ཟབ་སྦྱོང་གནང་བ་དེས་ཧ་ཅང་ཕན་ཐོགས་བྱུང་ཡོད། ཕན་ཐོགས་བྱུང་སྟངས་ནི་ཟབ་སྦྱོང་དེ་བརྒྱུད་ལྷན་ཁང་སོ་སོའི་ནང་འབྲེལ་ཡོད་རྣམ་པས་ཉིན་རེའི་ཕྱག་ལས་གནང་སྟངས་དེས་ཕུགས་ཀྱི་དམིགས་ཡུལ་ལ་ཕན་འབྲས་ཇི་འདྲ་ཞིག་ཡོང་རྒྱུ་ཡིན་པ་གསལ་པོ་ཆགས་རྒྱུ་ཡིན། ལྷན་ཁང་སོ་སོའི་བཀའ་བློན་དང་དྲུང་ཆེ། འཆར་འགོད་འགན་འཛིན་རྣམ་པས་བཀའ་ཤག་ལ་ཕེབས་ཏེ་ལས་ཁུངས་སོ་སོའི་འཆར་གཞི་དང་འབྲེལ་བའི་གནས་ཚུལ་གསལ་བཤད་གནང་སྐབས་ཁ་གཅིག་གྲག་ཐོག་ནས་གནང་རྒྱུ་གལ་ཆེན་པོ་རེད། ལྷན་ཁང་སོ་སོའི་ལས་གཞི་ལག་བསྟར་བྱ་རྒྱུའི་བྱུས་འགོད་དང་འཆར་གཞི་གཅིག་མཚུངས་ཤིག་དགོས་པ་ལས་དྲུང་ཆེས་ཤེས་ཀྱང་ཟུང་དྲུང་གིས་མ་ཤེས། དེ་བཞིན་འཆར་འགོད་འགན་འཛིན་དང་ལྷན་འབྲེལ་ཡོད་ལས་འཆར་ཐོག་ཕན་ཚུན་གོ་བརྡ་གསལ་པོ་མ་བྱུང་བ་ཡིན་ན། ཕན་ཐོགས་ཡོང་རྒྱུ་མིན། ཞེས་ཞུ་རྒྱུ་ཡིན། ལོ་གཅིག་ལྷག་ཙམ་ནང་ལ་ང་ཚོ་འཆར་གཞི་སྒྲིག་དགོས་ཞེས་བརྗོད་སྐབས། ལས་ཁུངས་ལ་ཛ་དྲག་གི་དཀའ་ངལ་ག་རེ་འདུག ཁ་སེང་གཞིས་ཆགས་དང་སློབ་གྲྭ་གཅིག་དངུལ་སློང་བར་སླེབས་བྱུང་ཞེས་པ་དེ་སྦྱར་ནས་ལྟ་སྐབས་ལྷན་པ་བརྒྱབ་པ་རེད་མ་གཏོགས་འཕྲལ་ཕུགས་ཀྱི་དམིགས་ཡུལ་དང་ལག་ལེན་བསྟར་སྟངས་ག་རེ་ཡིན་པ། དེ་བཞིན་ཉིན་རེའི་འབྲེལ་བ་མེད་པ་ཆགས་སྟབས། མཐའ་མ་ང་ཚོས་ལོ་རེའི་ལས་སྡོམ་སྐྱོར་སྐབས། ལས་སྡོམ་དེ་ལོ་ལྔ་བཅུའི་ནང་ཕལ་ཆེར་གཅིག་པ་ལྟ་བུ་རེད། དེ་དག་སྤྱི་ཡོངས་ཀྱི་འགྲོ་སྟངས་རེད། དེའི་ནང་ནས་ལས་དོན་བྱེད་ཕྱོགས་ལ་ཁ་སེང་ཟབ་སྦྱོང་གི་ཐོག་ནས་ངར་ཕན་ཐོགས་ཆེ་ཤོས་(Communication) དང་(Coordination) དངོས་གནས་དགོས་རྒྱུ་རེད་འདུག་བསམ་པ་བྱུང། གངས་སྐྱིད་ཀྱི་འགྲོ་སྟངས་མང་པོ་ཞིག་ནང་ཡིག་ཆུང་ཞིག་གཏོང་གི་ཡོད། ཡིག་ཆུང་དེའི་ཚིག་གཅིག་གཉིས་ཤིག་གོ་ནོར་ཐེབས་ན། ཚོགས་ཆུང་གི་སྙན་ཐོ་ཡར་སླེབས་སྐབས། ང་ཚོའི་ཡིག་ཆུང་ནང་དགོས་དོན་ལྟར། ཁྱེད་རང་ཚོའི་སྙན་ཐོའི་ནང་འཁོད་མི་འདུག་ཅེས་བརྗོད་ཀྱི་ཡོད།
གང་ཡིན་ཟེར་ན། ང་ཚོས་གསལ་པོ་བཀོད་ཡོད། ཚིག་འགྲེལ་རྒྱག་སྟངས་ཐོག་ནས་ཚོགས་ཆུང་གིས་ལྷག་བསམ་རྣམ་དག་གི་ཕྱག་ལས་གནང་བར་བརྟེན། དེ་ལས་ཐད་ཀར་ཡིག་འབྲེལ་(Communication)དང་འབྲེལ་མཐུད་(Coordination) ཡོད་ན། ང་ཚོས་ཡིག་ཆུང་ཞིག་བཏང་ཡོད། དམིགས་ཡུལ་དང་རེ་བ་དེ་འདྲ་ཡིན། ཚོགས་ཆུང་ནས་དེ་ལྟར་གནང་རོགས་ཞེས་བཀའ་མོལ་དང་ཚིག་བེད་སྤྱོད་བྱེད་སྟངས་གཅིག་པ་ཡིན་ན། ཕན་ཚུན་གོ་རྟོག་ཡོང་རྒྱུར་ཕན་གྱི་རེད་བསམས་ཀྱི་ཡོད། དམིགས་བསལ་བཀའ་བློན་དང་དྲུང་ཆེ། དྲུང་འཕར། ཟུང་དྲུང་འཆར་འགོད་ལས་བྱེད་ནང་ཡིག་འབྲེལ་དང་འབྲེལ་མཐུད་མེད་ན། བར་དེར་ལྷག་སྟེ་གཞི་རྩའི་འགྲོ་སོང་དང་འཆར་གཞི་མང་པོ་བཏིང་ནས་ལག་ལེན་བསྟར་གྱི་ཡོད་ཀྱང། ཕུགས་ལ་འཇུས་ས་མེད་པ་ལྟ་བུ་རེད། ལོ་རེ་རེའི་མཚམས་སུ་དངོས་གནས་ཕན་ཐོགས་བྱུང་ཡོད་མེད་ཐོག་ང་ཚོས་ཏན་ཏན་ཡར་རྒྱས་གཏོང་རྒྱུ་ཡོད་པ་རེད་བསམས་ཀྱི་འདུག དཔེར་ན། ཐད་ཀར་འབྲེལ་བ་ཡོད་པ་ཤེས་རིག་ལས་ཁུངས་ལ་བྱེད་སྐབས། བསམ་བློ་གཏོང་སྟངས་ཐད་ནས་ཏན་ཏན་འགྱུར་བ་གཏོང་དགོས་པ་དེ་འདྲ་འདུག་སྙམ་པའི་ཚོར་བ་བྱུང་། ལས་ཁུངས་ཆ་ཚང་ནས་གནས་སྟངས་དེ་འདྲ་ཡོད་མེད་ཧ་གོ་གི་མེད་ཀྱང། གནས་ཚུལ་ཡོད་སྲིད་པ་ཞིག་རེད། དེར་བརྟེན་བསྐྱར་ཞིབ་བྱས་པའི་ཐོག་ནས་གནང་སྟངས་དེ་དག་ཡར་རྒྱས་གང་འདྲ་བྱས་ནས་གཏོང་དགོས་པའི་ཐོག་ད་རེས་གྲོས་བསྡུར་ལྷུག་པོ་གནང་རོགས། གཙོ་ཆེ་ཤོས་བཀའ་ཤག་དང་ཟུང་དྲུང་འཆར་འགོད་ལས་བྱེད་དབར་བཀའ་མོལ་གནང་སྐབས་ཚང་མས་ཧ་གོ་དགོས་རྒྱུ་གལ་ཆེན་པོ་རེད། ཚང་མས་བྱུས་བཀོད་དང་འཆར་གཞི་མཁྱེན་ན། བཀའ་མོལ་དང་དགོངས་པ། དེ་བཞིན་ཕྱག་ལས་གནང་སྟངས་གཅིག་ཆགས་རྒྱུའི་རེ་བ་གཙོ་བོ་དེ་རེད་ཅེས་ཞུ་རྒྱུ་ཡིན། ཟབ་སྦྱོང་གནང་རྗེས་ཁྱེད་རང་ཚོའི་འཆར་གཞི་གང་འདྲ་རེད་ཅེས་མ་འོངས་པར་གཅིག་བྱས་ན་བསྐྱར་ཞིབ་(Evaluation)སྐབས་ལ་དེ་འདྲ་ཕྲན་བུ་ཡོང་སྲིད། ངའི་བསམས་པར་དེ་བྱེད་དགོས་རེད་བསམས་ཀྱི་ཡོད། འོན་ཀྱང་དེ་རིང་ཟབ་སྦྱོང་ཆ་ཚང་ཤེས་པ་དང་སང་ཉིན་འགྱུར་བ་ཕྱིན་པའི་ཐོག་ནས་ཡར་རྒྱས་ཧ་ཅང་འགྲོ་རྒྱུ་དེ་འདྲ་ཡོད་པ་མ་རེད་བསམས་ཀྱི་འདུག གང་ལ་ཞེ་ན། ང་ཚོར་མཉམ་མྱོང་བྱུང་སོང། ཐེངས་འདིའི་ཟབ་སྦྱོང་སྤྱི་ཡོངས་ཤིག་བྱུང་ན། ལོ་གཉིས་གསུམ་བཞི་བྱུང་ན། དེ་ནས་རིམ་བཞིན་ཡོང་གི་རེད་བསམས་ཀྱི་ཡོད། གོང་དུ་ཞུས་པ་ལྟར། ལོ་ལྔ་དང་ལྔ་བཅུ་བརྗོད་པ་བཞིན། རྩ་དོན་དང་འཛིན་སྐྱོང་གཉིས་དབྱེ་བ་ཕྱེ་པའི་ཐོག་ནས་དགོངས་པ་བཞེས་ནས་ཕེབས་ན། ཏན་ཏན་རྣམ་པ་ཚོ་བགྲོ་གླེང་གནང་སྐབས་ཐུགས་ཕན་གསོལ་པ་ཡོང་གི་རེད།
ཅེས་ཞུ་རྒྱུ་ཡིན། གཞི་རྩའི་སྤྱི་ཡོངས་ཐོག་ནས་དབུ་ཁྲིད་(Leadership)དང་ཡར་རྒྱས་(Development)སོགས་ལ་དབྱེ་བ་ཡོད། དེ་དག་ཆ་ཚང་གཅིག་བྱས་ན་ཐེངས་འདིར་ཟབ་སྦྱོང་གནང་གི་རེད། དེ་རྣམས་སྤྱི་ཡོངས་མཁྱེན་ན། དགོངས་པ་དང་འཆར་གཞི་ཕྱག་ལས་གནང་སྟངས་ལ་ཏན་ཏན་ཐུགས་ཕན་གསོལ་བ་ཡོང་གི་རེད། དེ་བཞིན་ཟབ་སྦྱོང་གོ་སྒྲིག་གནང་མཁན་གྱི་ལས་བྱེད་རྣམ་ཚོས་ཧུར་ཐག་འབད་ཐག་གནང་ཡོད་པ་རེད། ད་རེས་རྣམ་པ་ཚོ་ཟབ་སྦྱོང་ལ་ཆེད་མངགས་ཕེབས་པ་གཞི་བཞག་པའི་ཐོག་ནས་ཟབ་སྦྱོང་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་ཞེས་གསུང་བཤད་གནང་ཡོད་པ་བཅས། །