༢༠༡༢ ཟླ་ ༡༠ ཚེས་ ༡༤ རེས་གཟའ་ཉི་མ།
༄༅། །འདི་གར་གུ་ཇི་རཱ་ཏི་མངའ་སྡེའི་རྒྱལ་ས་ཨེམ་ད་བྷཱ་ཏི་ནས་བོད་མི་མང་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢།༡༠།༡༣ ཉིན་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་སྣེ་ཁྲིད་འོག་གུ་གུ་ཇི་རཱ་ཏི་ (Gujarat) མངའ་སྡེའི་ཨེམ་ད་བྷཱ་ཏི་ (Amedabad) གྲོང་ཁྱེར་ནང་ཟླ་ ༡༠ ཚེས་ ༡༡ ཉིན་རྒྱབ་ཆུ་ཚོད་ ༢ པའི་ཐོག་འབྱོར་བ་དང་། སྐབས་དེར་བོད་མིའི་སུད་ཚོང་སྐྱིད་སྡུག་གི་འཐུས་མིས་བདེན་པའི་མེ་ལྕེར་མཇལ་དར་སྒྲོན་རྗེས་བོད་མིའི་ཁྲོམ་སར་མཛད་སྒོ་ཚོགས་ཡོད། སྐབས་དེར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་ནས་རྒྱལ་གཅེས་དཔའ་རྣམས་ལ་གདུང་སེམས་མཉམ་སྐཡེ་མཚོན་ཆེད་ངག་བཅད་གུས་འདུད་སྐར་མ་གཅིག་གནང་གྲུབ་བསྟུན། སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་རྒྱ་གཞུང་ནས་བོད་ནང་ལག་བསྟར་བྱས་དང་བྱེད་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེར་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་བོད་མི་རྒྱལ་གཅེས་པ་ ༥༤ ཡིས་རང་ལུས་མེར་སྲེག་བཏང་ཁོངས་ནས་བོད་མི་ ༤༤ འདས་གྲོངས་སུ་ཕྱིན་པའི་སྐོར་དང་། བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྐོར་མང་ཚོགས་ལ་ཧིན་བོད་སྐད་ཡིག་ཐོག་འགྲེལ་བརྗོད་གནང་།
དེ་རྗེས་ཡུན་རིང་ནས་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་རྒྱ་གར་ཡུལ་མི་སྐུ་ཞབས་ སྤི་ ཇི་ ཇོ་ཏི་ཀར་ (P. G. Jyotikar) ལགས་ནས་བོད་མིར་གདུང་སེམས་མཉམ་སྐྱེའི་གསུང་བཤད་གནང་སྐབས། བོད་མི་ཚོས་འཐབ་རྩོད་མུ་མཐུད་བྱས་ན་བོད་ལ་ཉིན་གཅིག་རང་དབང་ཐོབ་རྒྱུ་ཡིན་པ་ཐེ་ཚོམ་མེད་བཅས་སོགས་ཀྱི་གསུང་བཤད་གནང་རྗེས་གྷན་རྡི་ལྟེ་གནས་ཁང་གི་སྐུ་ཞབས་ དེབ་ཨིན་ད་ར་ པ་རེ་ཁེ་ (Davendra Parekh) ལགས་ལས་ཀྱིས་འཛམ་གླིང་འདིའི་སྟེང་དྲག་པོའི་སྟོབ་ཤུགས་ལ་ཕུགས་བརྟན་གནས་ཐུབ་པའི་ནུས་པ་གང་ཡང་མེད་པ་དང་། བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱེད་བཞིན་པ་དེ་འཕྲལ་མར་མཚམས་འཇོག་བྱེད་དགོས། བོད་མི་ཚོར་རང་གི་ལུང་པའི་ནང་རང་དབང་ངང་གནས་རྒྱུའི་ཐོབ་ཐང་སྤྲོད་དགོས་སྐོར་སོགས་གསུང་བཤད་གནང།
དེ་རྗེས་ཁྲིམས་རྩོད་པ་ན་གཞོན་སྐུ་ཞབས་ ན་རན་རྡ་ར་ སོ་ལན་ཀི་ (Narendra Solanki) ལགས་མཛད་སྒོའི་ནང་ལྷན་བཞུགས་དང་བོད་དོན་ཆེད་ངར་ཤུགས་ལྡན་པའི་གསུང་བཤད་གནང་བ་མ་ཟད། འཕགས་བོད་གཉིས་ཀྱི་གཞོན་སྐྱེས་བཟུང་འབྲེལ་ཐོག་བོད་དོན་འཐབ་རྩོད་ནུས་ཤུགས་ཆེ་རུ་གཏོང་རྒྱུར་ཁོང་གི་རྒྱབ་སྐྱོར་གནང་རྒྱུའི་ཁེས་ལན་ཡང་གནང་ཡོད།
མཐའ་བསྡོམས་སུ་བོད་དོན་ཞུ་སྙན་སྟེང་མཚན་རྟགས་གནང་བ་དང་། དེ་ནས་བདེན་ཚིག་སྨོན་ལམ་རྟ་དབྱངས་ངང་འུར་འདོན་གནང་སྟེ་བདེན་པའི་མེ་ལྕེར་ཕེབས་བསུའི་མཛད་སྒོ་མཇུག་སྒྲིལ་ཞུས་ཡོད་པ་རེད།
ཕྱི་ཟླ་ ༡༠ ཚེས་ ༡༢ དགོང་དྲོ་ཆུ་ཚོད་ ༦།༣༠ ནས་ ༨།༠༠ བར་ཨེམ་ད་བྷ་ཏི་གྲོང་ཁྱེར་གྱི་ནབ་རང་སྤུ་རར་ (Navrangpura) ཆགས་པའི་བོད་མིའི་ཁྲོམ་ས་ནས་འགོ་འཛུགས་ཀྱིས་ཨ་ཤ་རམ་ Ashram གཞུང་ལམ་སྟེང་ཡོད་པའི་རྒྱ་གར་གྱི་མེས་པོ་དམ་པ་གྷན་རྡིའི་སྐུ་བརྙན་བར་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་དང་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་སྣེ་ཁྲིད་དེ་བདེན་པའི་མེ་ལྕེས་སྔོན་བསུས་ཏེ་མར་མེའི་ཁྲོམ་སྐོར་གནང་བ་དང་། ཁྲོམ་སྐོར་གྱི་ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང་དེ་ནས་རིམ་བཞིན་བྱང་ཆུབ་སེམས་མཆོག་རིན་པོ་ཆེ་འདོན་བཞིན་གྲོང་ཁྱེར་ནང་ཁྲོམ་སྐོར་བྱས་པ་དང་། བདེན་པའི་མེ་ལྕེའི་ལས་འགུལ་སྐོར་ཨིན་ཡིག་དང་སྒུ་ཇ་ར་ཐའི་སྐད་ཡིག་ཐོག་ཡོད་པའི་ཡིག་ཆ་རྒྱ་ཆེ་འགྲེམས་སྤེལ་ཞུས་པར་རྒྱ་གར་མང་ཚོགས་ནས་དོ་སྣང་ཆེན་པོ་གནང་ཡོད་པ་རེད།
མཐར་གྷན་རྡིའི་སྐུ་བརྙན་མདུན་སྐོར་འབྱོར་སྐབས་ “བོད་ལ་རང་དབང་དགོས།” “༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག” “བོད་ཀྱི་རང་དབང་རྒྱ་གར་གྱི་བདེ་འཇགས།” “འཕགས་བོད་མཛའ་འབྲེལ་རྒྱལ་གྱུར་ཅིག” ཅེས་འབོད་ཚིག་ཤུགས་ཆེ་སྒྲོགས་པ་དང་། ལྷག་པར་ལམ་འཛོམས་ཆེ་བའི་དབང་གིས་རྒྱ་གར་མང་ཚོགས་མང་པོའི་ཁྲོད་སེམས་འགུལ་ཡང་ཆེན་པོ་ཐེབས་ཐུབ་པ་བྱུང་ཡོད།
མཐའ་བསྡོམས་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ནས་གྷན་རྡིའི་སྐུ་བརྙན་ལ་མཇལ་དར་སྒྲོན་འབུལ་དང་། དེ་རྗེས་བདེན་ཚིག་སྨོན་ལམ་རྟ་དབྱངས་དང་བཅས་འུར་འདོན་བྱས་ཏེ་ལས་འགུལ་མཇུག་སྒྲིལ་བྱུང་ཡོད་པ་རེད། ད་རེས་མར་མེའི་ཁྲོམ་སྐོར་ནང་མི་གྲངས་ ༡༠༠ ཙམ་ནས་མཉམ་བཞུགས་གནང་ཡོད་པའི་ཁྲོད་རྒྱ་གར་བ་སྐུ་ཞབས་ P. G. Jyotikar དང་། Davendra Parekh, Narendra Solanki ལགས་ཀྱིས་དབུས་གཞན་ཁག་གཅིག་བཅས་ནས་ལྷན་བཞུགས་གནང་ཡོད་པ་རེད། ད་རེས་ལས་འགུལ་འདིར་བོད་པའི་སློབ་མ་བསོད་ནམས་སྟོབས་རྒྱས་ལགས་དང་ཀརྨ་བཀྲ་ཤིས་ལགས། བོད་ཀྱི་སྨན་རྩིས་ཁང་ཡན་ལག་སྨན་ཁང་། བོད་མིའི་ཁྲོམ་སའི་སྐྱིད་སྡུག་བཅས་ནས་འགན་འཁུར་མཐུན་འགྱུར་གནང་ཡོད་པ་རེད།
ཕྱི་ཚེས་ ༡༣ ཉིན་བདེན་པའི་མེ་ལྕེ་གུ་ཇི་རཱ་ཏི་་མངའ་སྡེའི་རྒྱལ་ས་གྷན་རྡི་ན་སྒར་ཕྱོགས་སུ་ཐོན་ཡོད་པ་བཅས།།