༢༠༡༢ ཟླ་ ༡༠ ཚེས་ ༡༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༨ ཐོག་བྷན་རྡ་ར་གཞིས་ལས་ཁང་གི་ངོ་ཚབ་རྣམ་པས་བདེན་པའི་མེ་ལྕེ་འདི་བཞིན་རན་ཅི་ས་གནས་ཀྱི་མེ་འཁོར་འབབས་ཚུགས་སུ་རྩིས་སྤྲོད་གནང་བར་ཕེབས་སྐབས། རན་ཅི་པོ་ཏཱ་ལ་སུད་ཚོང་ཚོགས་པའི་ཚོགས་གཙོ་ས་སྨོན་དགྲ་འདུལ་ལགས་དང་། དྲུང་ཆེ་བསྟན་དཔལ་ལགས། དངུལ་གཉེར་དང་རྩིས་པ་ཅིག་ལྕོགས་ལྷུན་གྲུབ་ལགས། ཚོགས་ཟུར་རྣམ་རྒྱལ་ལགས་དང་ཚེ་རིང་རྡོ་རྗེ་གཅུང་ལགས། འཕགས་བོད་མཛའ་ཚོགས་ཀྱི་དྲུང་ཆེ་ (Amar Nath Raj) དྲུང་གཞོན་ (Anil Kumar) བཅས་ཀྱིས་མེ་འཁོར་འབབས་ཚུགས་སུ་ཕེབས་བསུའི་མཇལ་དར་བསྒྲོན་ཏེ་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
་
ཕྱི་ཚེས་ ༤ ཉིན་འཇར་ཀནཌ་ (Jharkhand) མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སི་པི་སིངྒ (Speaker of Jharkhand legislative Assembly, C.P. Singh) ངོ་ཐུག་ཡོང་བའི་སྙན་གསེང་ཞུས་དོན་ལྟར། ཆོག་མཆན་ཐོབ་སྟེ་ཕྱི་ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༥ ཐོག་ཁོང་དང་ལྷན་མཇལ་འཕྲད་ཞུས་ཏེ་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་འགྲེམས་སྤེལ་གནང་བའི་བདེན་པའི་མེ་ལྕེའི་གསར་འགོད་གསལ་བསྒྲགས་ངོ་སྤྲོད་དང་སྦྲགས། བོད་དོན་དང་འབྲེལ་བའི་བཀའ་མོལ་ལྷུག་པོ་བྱུང་ཡོད་པ་མ་ཟད། ཁོང་གིས་རྒྱབ་སྐྱོར་མཚོན་ཆེད་ས་རྟགས་དང་ལྷན་མཉམ་ཞུགས་ཀྱིས་འདྲ་པར་ཡང་སྒྲོན་ཡོད།
་
ཕྱི་ཚེས་ ༦ ཉིན་རྒྱ་གར་དབྱིན་ཇི་མངའ་འོག་ཏུ་ཡོད་པའི་སྐབས་སུ་རྒྱ་གར་དཔའ་བོ་སྲོག་ཐོག་བཏང་ས་ཤཱ་ཧིརྡ་སཱ་ཐལ་སཾ་རཱག་ཅོག (Shaheed Sathal Samrag Chowk) ནས་འགོ་བཙུགས་ཏེ་ས་གནས་ཡུལ་མི་འདུ་འཛོམས་ཆེ་ཤོས་ས་ཆ་ཨཱལ་ཕཊ་ཨེ་ཀ་ཅོག་ (Alphat Ekka Chowk) བར་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྐབས་བོད་མི་གྲངས་འབོར་བརྒྱ་ལྷག་དང་། ས་གནས་རྒྱ་གར་ཡུལ་མི་ཁག་གཅིག ས་གནས་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་བཅས་ནས་བདེན་པའི་མེ་ལྕེ་དང་། འཕགས་བོད་གཉིས་ཀྱི་རྒྱལ་དར། བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་སྐུ་ལུས་མཆོད་འབུལ་ཞུས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྐུ་པར་འཕྲད་དར་སྟེང་བཀོད་དེ་ལས་འགུལ་ནང་མཉམ་ཞུགས་གནང་མཁན་དང་། ལྷག་པར་རང་རིགས་བོད་མི་ཚོས་གྲོང་ཁྱེར་ནང་བྱང་ཆུབ་སེམས་མཆོག་རིན་པོ་ཆེའི་སྨོན་ཚིག་འུར་བཏོན་ངང་འདོན་ཏེ་ཨཱལ་ཕཊ་ཨེ་ཀ་ཅོག་ཏུ་འབྱོར་མ་ཐག་རྒྱ་གར་གྱི་དམག་དཔོན་ཟུར་པ་ (Former General Vijay Kumar Singh, the 26th Chief of Indian Army) ལས་དོན་ཆེད་ཕེབས་སྐབས་ཚོགས་གཙོ་དགྲ་འདུལ་ལགས་ཀྱིས་བདེན་པའི་མེ་ལྕེའི་ གནད་དོན་སྐབས་བསྟུན་སྙན་གསེང་ཞུས་ཏེ་ཁོང་གིས་རྒྱབ་སྐྱོར་རྣམ་པ་ཐོབ་པ་མ་ཟད། ལྷན་དུ་འདྲ་པར་ཡང་བསྒྲོན་གནང་།
་
དེ་རྗེས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་སྐར་མ་གཅིག་རིང་ངག་བཅད་ཀྱི་མྱ་ངན་གུས་འདུད་དང་སྦྲགས། པོ་ཏཱ་ལ་སུད་ཚོང་ཚོགས་པའི་ཚོགས་གཙོ་དགྲ་འདུལ་ལགས་ཀྱིས་སྐུ་མགྲོན་གཙོ་བོ་འཕགས་བོད་མཛའ་ཚོགས་ཀྱི་དྲུང་ཆེ་ (Amar Nath) དང་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་ (Raj Kumar) ཚོང་པའི་སྡེ་ཚན་སྐུ་ཞབས་ (Ashok Kumar) དང་ (Janta Dal United) ཚོགས་མི་ (Shadish Singh) རྣམས་ལ་ཕེབས་བསུ་དང་འབྲེལ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་དམིགས་ཡུལ་དང་ད་ ལྟའི་ཆར་བོད་ནང་ཛ་དྲག་གི་གནས་སྟངས་ཇེ་ཆེར་འགྲོ་བཞིན་པ་སོགས་ངོ་སྤྲོད་རྒྱ་ཆེ་ཞུས། ལྷག་པར་སྐུ་མགྲོན་གཙོ་བོ་རྣམས་ཀྱིས་རིམ་བཞིན་བདེན་པའི་མེ་ལྕེ་དང་འབྲེལ་བོད་དོན་ལ་རྒྱབ་སྐྱོར་ཞུ་རྒྱུའི་ཁས་ལེན་དང་ས་གནས་ཡུལ་མི་རྣམས་ལ་བོད་དོན་ལ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཤུགས་ཆེན་ཞུས་ཡོད། མཐར་འཕགས་བོད་གཉིས་ཀྱི་རྒྱལ་གླུ་དང་བདེན་ཚིག་སྨོན་ལམ་བཅས་འུར་བཏོན་ཏེ་ཞུས་སྟེ་མཇུག་བསྡོམས་སུ་འཐུས་མི་བསྟན་འཛིན་ལྷུན་གྲུབ་དང་བསྟན་སྤེལ་ལགས་རྣམ་གཉིས་ཀྱིས་རིམ་བཞིན་ཧིན་དབྱིན་གཉིས་ཐོག་སྐུ་མགྲོན་གཙོ་བོ་རྣམས་དང་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཚང་མར་ཐུགས་རྗེ་ཆེ་གསུང་བཤད་གནང་། ལྷག་དོན་གསར་འགོད་པ་རྣམས་ལ་འབྲེལ་བ་ཞུ་དོན་ལྟར། ལས་འགུལ་དངོས་གཞི་སྐབས་སུ་གསར་འགོད་མང་དག་ཅིག་མཉམ་ཞུགས་བྱུང་བའི་འབྲས་བུར་ཕྱི་ཚེས་ ༧ ཉིན་ཧིན་དབྱིན་གསར་ཤོག་ཁག་ ༧ ནང་ཐོན་ཐུབ་པ་བྱུང་འདུག་པ་བཅས།།