༢༠༡༢ ཟླ་ ༡༠ ཚེས་ ༡༦ རེས་གཟའ་མིག་དམར།
༄༅། །ལོ་ལྟར་ཚན་རིག་གིས་གཙོས་སྨན་དང། རྩོམ་རིག ལྷག་པར་འཛམ་གླིང་ནང་ཞི་བདེ་གོང་མཐོར་སྤེལ་སླད་སྤྱི་ཚོགས་མཉམ་གནས་ཀྱི་ལས་རིགས་གཟེངས་སུ་ཐོན་པ་སྤེལ་མཁན་རྣམས་ལ་ཆེ་བསྟོད་ཀྱི་ནོ་བེལ་གཟེངས་རྟགས་འབུལ་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༡༢ ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་ཡུ་རོབ་མཐུན་ཚོགས་ལ་འབུལ་རྒྱུ་ཡིན་པའི་ཡོང་ཁྱབ་གསལ་བསྒྲགས་གནང་འདུག
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༢ ཉིན་ནོར་ཝེའི་རྒྱལ་ས་ཨོ་སི་ལོའི་ནང་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་འདི་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་དངོས་གཞི་འོས་མིའི་ཐོ་གཞུང་ནང་མི་སྒེར་དང་ཚོགས་པ་སོགས་ཁྱོན་ ༢༣༡ ཡོད་པའི་ཁོངས་ནས་ཡུ་རོབ་མཐུན་ཚོགས་ལ་ཐོབ་ཡོད་སྐོར་ནོ་བེལ་གཟེངས་རྟགས་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཐོར་བྷི་ཡོ་མཀ་ལེན་ཌི་ལགས་ཀྱིས་རྒྱལ་ཁབ་ ༢༧ ཀྱི་ཚོགས་མི་གྲངས་ས་ཡ་ལྔ་བརྒྱ་བརྒལ་བ་ལས་གྲུབ་པའི་ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་དམག་འཛིང་གི་འཁྲུག་ཆ་ཆེ་བའི་ཡུ་རོབ་གླིང་ཕྲན་དེ་བཞིན་ཞི་བདེའི་ཡུ་རོབ་ཞིག་ཏུ་འཕོ་འགྱུར་གྱིས་ལས་ནུས་གང་ཐུབ་སྤེལ་ཡོད་པའི་བྱས་རྗེས་ལ་ཆེ་བསྟོད་སླད་ཞི་བདེའི་གཟེངས་རྟགས་ཕུལ་ཡོད་སྐོར་འགྲེལ་བརྗོད་གནང་འདུག ད་ལྟའི་ཆར་ཡུ་རོབ་ནང་དཔལ་འབྱོར་གྱི་ཉམས་རྒུད་ཆེན་པོ་འགྲོ་བཞིན་ཡོད་པར་བརྟེན། ཡུ་རོབ་མཐུན་ཚོགས་ལ་ཞི་བདེའི་གཟེངས་རྟགས་འབུལ་ཕྱོགས་སྐོར་འཛམ་གླིང་མི་མང་གི་བསམ་ཚུལ་འདྲ་མིན་སླེབ་བཞིན་ཡོད་པས། ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་མར་ཊིན་ཤུ་ཝ་ཛི་(Martin Schulz)མཆོག་གིས་ཡུ་རོབ་མཐུན་ཚོགས་དེ་བཞིན་དམིགས་བསལ་གྱི་ལས་གཞི་ཞིག་ཡིན་སྐོར་དང་འབྲེལ་ཚོགས་པ་དེའི་ངོས་ནས་ཡུ་རོབ་ཀྱིས་གཙོས་ས་གནས་མང་པོའི་ནང་དམག་འཁྲུག་རྣམས་ཞི་བདེར་གྱུར་ཡོད་པ་མ་ཟད། ཕན་ཚུན་མི་དགའ་བའི་གནས་སྟངས་རྣམས་འཆམ་མཐུན་གྱི་གནས་སུ་གྱུར་ཡོད་པའི་ལས་རིགས་རྣམས་ལ་ཆེ་བསྟོད་ཀྱི་ངོས་འཛིན་གནང་བའི་ཐོག་ཞི་བདེའི་གཟེངས་རྟགས་ཕུལ་ཡོད་པར་སེམས་ཚོར་ཆེན་པོ་འདུག་ཅེས་ཊུ་ཊར་དྲ་གནས་སྟེང་བརྗོད་ཡོད་པ་བཅས།།