༢༠༡༢ ཟླ་ ༡༠ ཚེས་ ༡༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༩ ནས་ཕྱི་ཟླ་ ༡༠ ཚེས་ ༡༠ བར་ཉིན་གྲངས་ ༡༢ རིང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། ཅན་ཌི་གྷར། བྱང་ཤར་ཏེ་ཛུ་བོད་མིའི་གཞིས་ཆགས་སུ་གཟིགས་སྐོར་ཕེབས་ཡོད།
དེ་ཡང་བཀའ་བློན་མཆོག་ཕྱི་ཟླ་ ༩ ཚེས་ ༢༩ ཉིན་སྔ་དྲོ་ཆུ་ཚོད་ ༡༡ ཐོག་རྡ་ས་ནས་ཅན་ཌི་གྷར་བརྒྱུད་ལྡི་ལིར་ཕེབས་འབྱོར་གནང། ཕྱི་ཚེས་ ༣༠ ཉིན་ (Talkotara Stadium) དུ་ (RSS) ཚོགས་པའི་སྤྱི་ཁྱབ་འགན་འཛིན་ཟུར་པ་འདས་པོ་སྐུ་ཞབས་ཀེ་ཨེས་སུ་ཌར་ཤན་ (K. S Sudarshan) མཆོག་གི་མཆོད་འབུལ་སྨོན་ལམ་ཐོག་མཉམ་ཞུགས་གནང་། སྐབས་དེར་(Vishwa Hindu Parishad )ཞེས་པའི་ཚོགས་པའི་སྐུ་ཚབ་སྐུ་ཞབས་ཨ་ཤོཀ་སིང་གལ་ལགས་Mr. Ashok Singhal,VHP ), (Rashtriya Swayamsevak Sangh ) ཞེས་པའི་ཚོགས་པའི་སྐུ་ཞབས་རཱ་ཇུ་ཇི་བྷ་ཡི་ཡ་ལགས་Mr. Raju ji Bhaiya, RSS), རྒྱ་གར་གྱི་བྷི་ཇེ་པི་(BJP)ཆབ་སྲིད་ཚོགས་པའི་འཐུས་མི་སྐུ་ཞབས་ནི་ཏིན་ཀ་ཌི་ཀ་རེ་(Mr. Nitin Gadkari) ལགས། དེ་བཞིན་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ ( JD ) དང་ (Akali Dal ) གི་འཐུས་མི། ཡི་ཤུ་དང་ཁ་ཆེའི་ཆོས་ཚོགས་ཀྱི་འཐུས་མི། རྒྱལ་ཡོངས་ཧིན་དུའི་ཚོགས་པའི་འཐུས་མི་བཅས་ཁྱོན་མི་གྲངས་ ༥༠༠༠ ཙམ་མྱ་ངན་མཆོད་འབུལ་དུ་མཉམ་ཞུགས་གནང་འདུག དེ་ཉིན་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ངོ་བོའི་ཐོག་གདུང་སེམས་མཉམ་སྐྱེའི་གཏམ་བཤད་གནང་བ་དང་སྦྲགས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གདུང་སེམས་མཉམ་སྐྱེའི་གྲོས་ཆོད་ཤིང་སྒྲོམ་ནང་བཀོད་པ་ཞིག་ཕུལ་ཡོད།
དེ་བཞིན་ཉེ་ཆར་ལྡི་ལི་བོད་མིའི་སྡོད་སྒར་བསམ་ཡས་གླིང་གི་ས་ཆ་ཁྲིམས་མཐུན་ (Regularization) བྱུང་བར་མངའ་སྡེ་བློན་ཆེན་ཤི་ལ་དྷིཀ་ཤིཏ་ (Sheila Dikshit) མཆོག་ལ་ཐུགས་རྗེ་ཆེ་ཞུ་སླད་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་ལྡི་ལི་དོན་གཅོད་བསྟན་པ་ཚེ་རིང་མཆོག་དང་ལྷན་མངའ་སྡེའི་བློན་ཆེན་གྱི་གཟིམ་ཤག་ཏུ་ཆེད་བཅར་ཞུས། དེ་འབྲེལ་བསམ་ཡས་གླིང་ས་གནས་འགོ་འཛིན་ཡང་མཉམ་བཅར་ཞུས་ཡོད། འོན་ཀྱང་བློན་ཆེན་མཆོག་དུས་ཚོད་ཀྱི་མ་ཁོམ་པའི་རྐྱེན་གྱིས་མཇལ་འཕྲད་མ་བྱུང་སྟབས། ཁོང་ལ་འབུལ་རྒྱུའི་ཕྱག་རྟགས་དེ་གའི་འབྲེལ་ཡོད་ལས་བྱེད་ཞིག་ལ་ཁོང་ལ་བརྒྱུད་སྤྲོད་གནང་རོགས་ཞུས་ཡོད། དེ་ཉིན་ལྡི་ལི་དོན་གཅོད་བསྟན་པ་ཚེ་རིང་མཆོག་དང་ལྷན་བཀའ་བློན་མཆོག་འབྲུག་སྡོད་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་ཞུ་ཕྱོགས་སྐོར་དང༌། དེ་བཞིན་དབུས་རྒྱ་གར་གཞུང་དང་མཉམ་ལས་དོན་མཇུག་གནོན་ཞུ་རྒྱུའི་ཐོག་གོ་བསྡུར་གནང་ཡོད། ལྡི་ལི་དོན་གཅོད་དང་ལྷན་ M.C.A སྐུ་ཞབས་བྷ་ཌལ་མཆོག་ལ་འཚམས་འདྲི་ཞུ་བར་ཆེད་བཅར་ཞུས་ཡོད།
ཕྱི་ཚེས་ ༢ ཉིན་ཅན་ཌི་གྷར་དུ་ཕེབས་ཐོན་གྱིས་ཕྱི་ཚེས་ ༣ ཉིན་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་མོ་ཧ་ལི་བོད་མིའི་ཁྲོམ་སའི་བདེ་སྡུག་དང་འབྲེལ་པན་ཇབ་མངའ་སྡེའི་བློན་ཆེན་གཞོན་པ་སྐུ་ཞབས་སུཁ་འབིར་སིང་བྷ་ཌལ་མཆོག་དང་ལྷན་མཇལ་འཕྲད་གནང་ཡོད།
དེ་ཉིན་གྱི་ཕྱེད་ཡོལ་ལྡི་ལིར་ཕྱིར་ཐོན་གྱིས་ཕྱི་ཚེས་ ༤ ཉིན་སྔ་དྲོ་ཆུ་ཚོད་ ༩།༥༠ ཐོག་ལྡི་ལི་བརྒྱུད་ཌིབ་རུ་གྷར་དུ་མཁའ་ལམ་བརྒྱུད་ཕེབས་ཐོན་གནང༌། ཌིབ་རུ་གྷར་འབྱོར་སྐབས་གནམ་ཐང་དུ་ཏེ་རྫུ་ས་གནས་འགོ་འཛིན་གྱིས་ཕེབས་བསུ་ཞུས་ཡོད།
ཕྱི་ཚེས་ ༥ ཉིན་སྔ་དྲོ་ཏེ་ཛུར་ཕེབས་འབྱོར་བྱུང་མ་ཐག་ཐོག་མ་ཁེ་ན་ཌའི་གཞིས་སྤོས་ལས་གཞིའི་ཚོགས་ཆུང་དང་ལྷན་ཚོགས་འདུ་ཚོགས་རྗེས་གཞུང་མོལ་ཚོགས་འདུ་དང༌། ཉིན་རྒྱབ་མི་མང་ལ་ཚོགས་འདུ་ཚོགས་ཡོད། ཕྱི་ཚེས་ ༦ དང་ ༧ ཉིན་ཁེ་ན་ཌའི་གཞིས་སྤོས་ལས་གཞིའི་རྒྱན་ཤོག་བསྡུ་ལེན་ལས་གཞི་འགོ་འཛུགས་ཐུབ་པ་བྱུང་ཡོད། ཕྱི་ཚེས་ ༧ ཉིན་ཕྱེད་ཡོལ་ཏིན་སུ་ཁི་ཡར་ཕེབས་ཐོན་དང༌། ཕྱི་ཚེས་ ༨ ཉིན་ཌིབ་རུ་གྷར་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་ཐོན་གནང་ཡོད་པ་བཅས།།