༢༠༡༢ ཟླ་ ༡༠ ཚེས་ ༡༦ རེས་གཟའ་མིག་དམར།
༄༅། །༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་བྷོ་སི་ཊོན་ཁུལ་དུ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མའི་བཟང་སྤྱོད་སྲུང་སྐྱོབ་ཐེབས་རྩ་ཁང་(The Dalai Lama Center for Ethics and transformative values.)དང་མེ་ས་ཆུ་སི་འཕྲུལ་རིགས་ཚོགས་པ་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༤ ཉིན་གྱི་ཕྱེད་ཡོལ་མགོན་པོ་གང་ཉིད་མཆོག་གིས་བྷོ་སི་ཊོན་(Boston)ཁུལ་གྱི་(Marriot)མ་རི་ཊེ་མགྲོན་ཁང་དུ་མི་གྲངས་ཉིས་སྟོང་ལྔ་བརྒྱ་བརྒལ་བར་བཟང་སྤྱོད་དང་འགྲོ་བ་མིའི་རིན་ཐང་སྐོར་ལམ་སྟོན་བཀའ་སློབ་སྩལ་དོན། དེ་རིང་ངོས་རང་འདི་གར་འབྱོར་ནས་ཁྱེད་རང་ཚོ་དང་ཁྱུག་ཙམ་ཞིག་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཚང་མར་འཚམས་འདྲི་ཡོད། སྤྱིར་བཏང་ང་ཚོ་ཆོས་ཁས་ལེན་བྱེད་མཁན་དང་མ་བྱེད་མཁན་སུ་ཞིག་ཡིན་རུང་། སྙིང་རྗེ་དང་བརྩེ་བའི་རིན་ཐང་དེ་བཞིན་ཧ་ཅང་རྩ་ཆེན་ཞིག་ཡིན་པར་ངོས་འཛིན་བྱེད་དགོས། རིན་ཐང་དེ་དག་ཆོས་ཁས་ལེན་བྱེད་ཀྱི་ཡོད་མེད་ལ་མ་ལྟོས་པར་སོ་སོའི་ཉིན་རེའི་མི་ཚེ་བསྐྱལ་རྒྱུ་དང་ཐད་ཀར་འབྲེལ་བ་ཆགས་ཡོད་སྟབས། གཅེས་འཛིན་བྱེད་དགོས་པའི་གནས་སྟངས་ཤིག་ཡིན། ངོས་ཀྱིས་རིན་ཐང་དེ་དག་ཆོས་དང་འབྲེལ་བ་མེད་པར་(Secular Ethics)ཆོས་ལུགས་རིས་མེད་ཀྱི་བཟང་པོའི་ཀུན་སྤྱོད་རེད་ཅེས་བརྗོད་ཀྱི་ཡོད། སྐབས་རེ་ངོས་ཀྱིས་ཆོས་ལུགས་རིས་མེད་ཀྱི་བཟང་པོའི་ཀུན་སྤྱོད་ཅེས་བརྗོད་སྐབས། ཡི་ཤུ་དང་ཁ་ཆེའི་གྲོགས་པོ་ཁག་གཅིག་ནས་ (Secular)ཞེས་པའི་ཚིག་དེར་ཕྲན་བུ་དོགས་པ་ལྟ་བུ་བྱས་ཏེ་ཆོས་ལུགས་ལ་སྨ་འབེབ་ཡོང་གི་ཡོད་པར་ངོས་འཛིན་བྱེད་ཀྱི་འདུག འོན་ཀྱང་ཆོས་ལུགས་རིས་མེད་ཀྱི་བཟང་པོའི་ཀུན་སྤྱོད་བརྗོད་སྐབས། རྒྱ་གར་གྱིས་ངོས་འཛིན་བྱས་པའི་ཆོས་ལུགས་ཚང་མར་གུས་བཀུར་བྱ་རྒྱུ་མ་ཟད། ཆོས་ཁས་ལེན་མི་བྱེད་མཁན་ཚོའི་བསམ་ཚུལ་ལ་ཡང་གུས་བཀུར་ཞུས་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། སྤྱིར་བཏང་འཛམ་གླིང་འདིའི་ནང་མི་འབོར་དུང་ཕྱུར་བདུན་ལྷག་ཡོད་པའི་ཁོངས་ནས་ཆོས་རྩ་བ་ནས་ཁས་ལེན་མ་བྱེད་མཁན་མང་པོ་ཡོད། འོན་ཀྱང་མི་འབོར་དེ་དག་ལ་ཡང་འཛམ་གླིང་འདི་བདེ་སྐྱིད་ལྡན་པ་ཡོང་ཐབས་བྱ་རྒྱུའི་ལས་འགན་ཡོད། དེར་བརྟེན་མི་དེ་དག་ལ་ལས་འགན་དེ་ར་སྤྲོད་བྱས་པ་དང་ཆབས་ཅིག་སྙིང་སྟོབས་ཀྱང་སྤེལ་དགོས། དེ་ཡང་ཚན་རིག་གི་རྒྱུ་མཚན་དང་སྤྱི་ཡོངས་ཀྱི་མྱོང་ཚོར་བཅས་རྒྱུ་མཚན་དུ་དྲང་ནས་ཤེས་བྱ་སྤེལ་དགོས་པ་ལས། ཡི་ཤུའི་སྟོན་པ་ཇི་སི་སི་དང་ནང་པའི་སྟོན་པ་བཅོམ་ལྡན་འདས་གཉིས་ཀྱིས་དེ་ལྟར་གསུངས་པ་རེད་ཅེས་བརྗོད་ཀྱང་ཁོང་ཚོར་རྒྱུ་མཚན་འགྲོ་ཐབས་དཀའ་བ་རེད། རྩ་བའི་ནང་སེམས་ཀྱི་ཞི་བདེ་བརྗོད་སྐབས། ཐོག་མར་སོ་སོ་སྒེར་ལ་སེམས་ཀྱི་ཞི་བདེ་སླེབས་དགོས། དེ་ནས་རིམ་བཞིན་རང་ཉིད་ཀྱི་ཁྱིམ་ཚང་དང་ཁྱིམ་མཚེས། སྤྱི་ཚོགས་བཅས་སུ་ཆུ་ནང་རྡོ་གཡུགས་སྐབས། རིམ་པ་རང་བཞིན་གྱིས་འཕེལ་འགྲོ་བ་ལྟར་ཡོང་དགོས་པ་ལས། གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་ལྟ་བུའི་ཚོགས་པ་ཞིག་ནས་ཞི་བདེ་བསྐྲུན་ཐབས་དཀའ་བར་བརྟེན། ང་ཚོ་མི་རེ་ངོ་རེ་ནས་ལས་འགན་དེ་དག་ཤེས་པའི་ཐོག་ནས་འགན་ཁུར་ལེན་དགོས། དེ་ལྟར་བྱུང་ན། མཐར་རང་ཉིད་འཆི་སྐབས་ཀྱང་འགྱོད་པ་མེད་པའི་ཐོག་ནས་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་ཡོད་བསམ་པའི་ཚོར་བ་ཡོང་གི་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད། དེ་བཞིན་ཨ་རིའི་ཁ་ལོ་རོ་ཌེ་ཁུལ་ནས་ཡིན་པའི་ཡི་ཤུ་བླ༌མ་ཐོ་མ་སི་(Fr.Thomas Keating)མཆོག་དང་ཨ་རིའི་ནིའུ་ཡོཀ་མངའ་སྡེ་ནས་ཡིན་པའི་ཡི་ཤུ་བླ་མ་ཌ་ཝི་ཌ་(Br.David Sterind Rast)མཆོག་ལས་རིམ་དེའི་ཐོག་ལྷན་ཞུགས་གནང་བ་མ་ཟད། ཁོང་རྣམ་པ་གཉིས་ཀྱིས་མགོན་པོ་གང་ཉིད་མཆོག་གིས་འཛམ་གླིང་ཞི་བདེའི་ཆེད་སྐུ་ལས་བསྐྱོན་དང་སྐྱོན་བཞིན་པའི་རླབས་ཆེན་མཛད་འཕྲིན་ཁག་ལ་རྗེས་སུ་ཡི་རང་གི་ཆེ་བསྟོད་གསུང་བཤད་གནང་ཡོད་པ་བཅས། །
༸གོང་ས་མཆོག་གིས་ཨ་རིའི་བྷོ་སི་ཊོན་ཁུལ་དུ་བཟང་སྤྱོད་དང་འགྲོ་བ་མིའི་རིན་ཐང་སྐོར་ལམ་སྟོན་བཀའ་སློབ་སྩལ་བ།
གསར་གནས།
འབྲེལ་གནས།