༢༠༡༢ ཟླ་ ༩ ཚེས་ ༢༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ ཐོག་མ་སུ་རི་གཏན་སློབ་འདོད་རྒུ་ཐང་དུ་གཏན་སློབ་དང་བོད་ཕྲུག་ཁྱིམ་སྡེ་གཉིས་ཀྱི་སློབ་ཕྲུག་དང་ལས་བྱེད། ས་གནས་མི་མང་བཅས་ལྷན་འཛོམས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་ཆོས་ངོ་སྤྲོད་དང་། སངས་རྒྱས་ཆོས་ཚོགས་མ། བཛྲ་གུ་རུའི་ལྗགས་ལུང་བཅས་ཀྱི་ཆོས་འབྲེལ་བཀའ་དྲིན་ཆེ་བ་དབུ་འཛུགས་མཛད་མ་ཐག་བོད་ཕྲུག་ཁྱིམ་སྡེའི་དྲུང་ཆེས་མཎྜལ་རྟེན་གསུམ་འདེགས་འབུལ་སྦྲགས་དྲུང་ཆེའི་ཕྱག་རོགས་སོགས་སློབ་གྲྭའི་འགན་འཛིན་རྣམས་ཀྱིས་མཇལ་དར་རྐྱང་འབུལ་དང་མཇལ་ཁ་ཞུས། ཆོས་འབྲེལ་སྐབས་ཐོག་མར་༸གོང་ས་མཆོག་གིས་ནང་ཆོས་ངོ་སྤྲོད་མཛད་དོན། ངོས་ཀྱིས་ནམ་རྒྱུན་བོད་མིའི་ནང་དང་ཧི་མ་ལ་ཡའི་ཁུལ་དང་ཕྱི་རྒྱལ་བ་ནང་པ། གཞན་ཡང་རྒྱ་མི་དང། ཉི་ཧོང་བ། ཝི་ཏི་ནམ་མི་མང་། ཀོ་རི་ཡ། ཅུང་འབྲེལ་བ་ཆེ་བ་ཡོང་བཞིན་འདུག་ལ་དེ་བཞིན་འབར་མ་དང་ཤི་རི་ལང་ཀ ཐེ་ཝན་ཌི། དེ་དག་ནས་འབྲེལ་བ་ཡོང་བཞིན་འདུག་པའི་ནང་པ་ཚང་མར་ངོས་ནས་ཤོད་ཀྱི་ཡོད། སངས་རྒྱས་པའི་ཆོས་ཞེས་པ་འདི་འཛམ་གླིང་འདིའི་སྟེང་ཡོད་པའི་ཆོས་མང་པོ་ཞིག་ཡོད་པ་ཇི་བཞིན་ཡིན་པ་མཐོང་གི་ཡོད། ཆོས་ཞེས་པ་འདི་སྒྲ་ཡང་བའི་དབང་དུ་བྱས་ན་ཆོས་ལུགས་ཚང་མར་གོ་རྒྱུ་ཞིག་དང་། ང་ཚོས་སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་བཤད་ན་ལེགས་སྦྱར་སྐད་ནང་ཆོས་ཞེས་པ་འདི་དྷར་མ་ཞེས་དང་དེའི་གོ་དོན་ནི་འཛིན་པ་ཞེས་བརྗོད་ཀྱི་ཡོད། དེ་ག་རེ་འཛིན་པ་རེད་དམ་བརྗོད་ན་སྡུག་བསྔལ་ལས་སྐྱོབ་པར་བྱེད་རྒྱུ་ཡིན་པ་སོགས་ཀྱི་སྔོན་འགྲོའི་ཆོས་འབྲེལ་དང་དེ་ནས་སངས་རྒྱས་ཆོས་ཚོགས་མ་དང་བཛྲ་གུ་རུའི་ལྗགས་ལུང་སྩལ་ཏེ་ཆོས་འབྲེལ་གྲུབ།དེ་རྗེས་སློབ་ཕྲུག་རྣམས་ལ་ལམ་སྟོན་བཀའ་སློབ་ཕེབས་པའི་ནང། ཁྱེད་ཚོས་སེམས་བཟང་ཐོག་མི་བཟང་པོ་ཞིག་བྱས་ཏེ་མི་ཚེ་མཐའ་འཁྱོངས་བྱེད་དགོས་ལ་སོ་སོའི་ལས་རིགས་ག་རེ་བྱས་པ་ཡིན་ནའང་ཡག་པོ་ཡོང་གི་རེད། སེམས་པ་ངན་པ་བྱས་ན་ལུས་ལ་ཆོས་གོས་རྣམ་གསུམ་གྱོན་ཏེ་ཁྲི་ཞིག་གི་སྟེང་དུ་བསྡད་ཀྱང་སྡུག་པ་ལས་ཡོང་རྒྱུ་མེད། སེམས་བཟང་པོ་བྱེད་རྒྱུ་དེ་རྩ་བ་ཡིན། སེམས་པ་བཟང་ན་ས་དང་ལམ་ཡང་བཟང། ཞེས་གསུང་པ་བཞིན་སེམས་བཟང་པོ་བྱེད་རྒྱུ་དེ་རྩ་བ་ཡིན།
དེ་ནི་སྤྱོད་པ་འཚེ་བ་མེད་པ་ཞེས་པ་དེ་ཡིན། ལྟ་བ་རྟེན་འབྱུང་ཞེས་པ་དེ་སོ་སོས་ཡག་པོ་བྱས་ན། རང་ཉིད་ལ་ཕན་གྱི་རེད། དེར་བརྟེན་རང་ལ་མ་གཅེས་པ་སུ་ཡང་མེད་དུས་རང་ཉིད་འཕྲལ་དུ་བདེ་བ། ཕུགས་ལ་ཕན་པ། འདི་ཕྱི་ཀུན་ཏུ་རྒྱལ་བ་ཡོང་རྒྱུའི་ཆེད་བསམ་པ་བཟང་པོ་བྱེད་དགོས་པ་ཡིན། དེར་བརྟེན་ལྟ་བ་རྟེན་འབྱུང་ཞེས་པ་འདི་ཤོད་ཀྱི་ཡོད། ཅེས་རྒྱུ་འབྲས་དང་རྟེན་འབྱུང་སྐོར་དང་ཆོས་རྒྱལ་ཚོའི་སྐབས་བོད་ཀྱི་མངའ་ཐང་སྐོར་བཀའ་སློབ་ཕེབས་པ་དང་ཡང་རང་ཉིད་བོད་མི་ཞིག་ཡིན་བསམ་པའི་སེམས་ལ་ཞུམ་པ་མེད་པར་སྤོབས་སེམས་དགོས་རྒྱུ་གལ་ཆེ་ཡིན་ཡང་སྤོབས་སེམས་དང་ང་རྒྱལ་ཁག་ཁག་ཡིན། དེ་བཞིན་ཡ་རབས་དང་ཤེས་ཡོན་ལ་དང་དོད་བྱད་དགོས་པའི་བཀའ་སློབ་ཟབ་རྒྱས་ཕེབས་ཏེ་ཐེངས་འདིའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྡི་ལི་དང་སྡེ་ར་རྡུན་ཁུལ་དེ་བཞིན་མ་སུ་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ལྔ་བཅུའི་དྲན་གསོའི་མཛད་སྒོ་བཅས་ཀྱི་མཛད་འཕྲིན་རྣམས་ཡོངས་སུ་ལེགས་པར་གྲུབ་ཏེ་རྡ་སར་ཆིབས་ཞལ་བསྒྱུར་བ་བཅས། །