༢༠༡༢ ཟླ་ ༩་ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༨ ཉིན་ལྷོ་ཨ་ཕི་རི་ཀའི་གྲོང་ཁྱེར་ཌར་བྷན་ Durban དུ་འདི་ལོའི་འཁོན་འཛིན་སེལ་བའི་འཆམ་མཐུན་དང་ཞི་བདེ་གོང་འཕེལ་ཆེད་མེས་པོ་དམ་པ་གྷན་དྷིའི་རྒྱལ་སྤྱིའི་གཟེངས་རྟགས། Mahatma Gandhi International Award for Reconciliation and Peace ཞེས་པ་དེ་བཞིན་ཛམ་བྷི་ཡའི་ Zambian སྲིད་འཛིན་ཟུར་པ་སྐུ་ཞབས་ཀེ་ནེ་ཐི་ (Dr. Kenneth Kaunda) མཆོག་ལ་གནང་ཡོད། དེ་ཡང་གཟེངས་རྟགས་ཀྱི་མཛད་སྒོར་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་མི་འགྱུར་རྡོ་རྗེ་ལགས་ལ་གྷན་དྷི་ཡར་རྒྱས་ཐེབས་རྩས་ (Gandhi Development Trust) མགྲོན་འབོད་ཞུས་པ་ལྟར་ཆེད་ཕེབས་གནང་ཡོད།
གཟེངས་རྟགས་དེ་ནི་སྲིད་འཛིན་ཟུར་པ་མཆོག་གིས་ཛམ་བྷི་ཡའི་རང་དབང་འཐབ་རྩོད་ལས་འགུལ་ཐོག་བྱས་རྗེས་ཧ་ཅང་བཞག་ཡོད་པ་མ་ཟད། ལྷོ་ཨ་ཕ་རི་ཀའི་ནང་འཚེ་མེད་ཞི་བའི་ཐབས་ལམ་ལ་གཞི་བཅོལ་ཏེ་དཀའ་ངལ་སེལ་རྒྱུའི་ལས་འགུལ་ལ་རྒྱབ་སྐྱོར་གནང་བའི་བྱས་རྗེས་སོགས་ལ་ངོས་འཛིན་གནང་ཆེད་ཕུལ་བ་ཞིག་ཡིན་འདུག དེ་བཞིན་དེ་ཉིན་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་གྲུབ་བསྟུན། མེས་པོ་དམ་པ་གྷན་དིའི་ཚ་མོ་ལྕམ་སྐུ་ཨི་ལ་གྷན་དི་ Mrs Ela Gandhi མཆོག་གིས་ཛམ་བྷི་ཡའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཀེ་ནེ་ཐི་མཆོག་དང་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་མི་འགྱུར་རྡོ་རྗེ་ལགས་རྣམ་གཉིས་མཇལ་འཕྲད་གོ་སྒྲིག་ཞུས་པ་བཞིན། སྐུ་ཚབ་དོན་གཅོད་ཀྱིས་སྲིད་འཛིན་ཟུར་པ་མཆོག་དང་ལྷན་ཁོང་གི་མགྲོན་ཁང་ནང་ཆུ་ཚོད་ཕྱེད་ཀའི་རིང་ཐུག་འཕྲད་གནང་སྐབས། སྐུ་ཚབ་དོན་གཅོད་ཀྱིས་སྲིད་འཛིན་ཟུར་པ་མཆོག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་རྣསམ་ཀྱི་ཚབ་ཞུས་ཏེ་ཐེངས་འདིའི་ཞི་བདེའི་གཟེངས་རྟགས་ཐོབ་པར་འཚམས་འདྲི་ཞུས་པ་དང་སྦྲགས། བོད་མི་རྣམས་ཀྱིས་འཚེ་མེད་ཞི་བའི་ཐབས་ལམ་ལ་མཐའ་གཅིག་ཏུ་ཡིད་ཆེས་བློ་གཏད་ཞུ་བཞིན་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་ཐབས་ལམ་ཐོག་ནས་བོད་ཀྱི་གནད་དོན་སེལ་ཐབས་བྱེད་བཞིན་ཡོད་པ་དང།
ཉེ་ལམ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་རྩིས་སྤྲོད་མཛད་པ་སོགས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ། དེ་བཞིན་བོད་ནང་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༥༡ གིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གིས་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་བྱས་པའི་གནས་ཚུལ་སོགས་ངོ་སྤྲོད་ཞུས་ཡོད་པ་བཅས།།