༢༠༡༢ ཟླ་ ༩ ཚེས་ ༢༢ རེས་གཟའ་སྤེན་པ།
༄༅། །ཡུ་རོབ་སྤྱི་མཐུན་ཚོགས་པ་དང་རྒྱ་ནག་དབར་ལོ་འཁོར་ཚོང་འབྲེལ་ལྷན་ཚོགས་ཐེངས་ ༡༥ མཇུག་སྒྲིལ་རྗེས་རྒྱ་ནག་གི་སྲིད་བློན་ཝུན་ཅཱ་པའོ་དང་ལྷན་ཡུ་རོབ་སྤྱི་མཐུན་ལྷན་ཁང་གི་གཙོ་འཛིན་ European Council སྐུ་ཞབས་ཧར་མན་ཝོན་རོམ་པེ་ Herman Van Rompuy མཆོག་དང་ཡུ་རོབ་སྤྱི་མཐུན་ཚོགས་པའི་འཛིན་སྐྱོང་ལྷན་ཁང་གི་ཚོགས་གཙོ་སྐུ་ཞབས་ཇོ་སེ་མེ་ནུལ་བྷ་རོ་སོ་ Joseé Manuel Barroso མཆོག་དབུ་བཞུགས་ཐོག་རེས་གཟའ་ལྷག་པའི་ཉིན་སྦེལ་ཇམ་རྒྱལ་ས་བྷར་སིལ་དུ་གསར་འགོད་ལྷན་ཚོགས་ཤིག་ཚོགས་རྒྱུའི་གྲ་སྒྲིག་བྱས་ཡོད་ཀྱང། སྐབས་མཚམས་དེར་རྒྱ་ནག་གཞུང་གིས་གསར་འགོད་ལྷན་ཚོགས་མ་ཚོགས་སྔོན་ནས་ལྷན་ཚོགས་སྐབས་མཉམ་ཞུགས་བྱ་རྒྱུའི་གསར་འགོད་པ་རྣམས་ཀྱི་མཚན་གཞུང་སྤྲོད་དགོས་པ་མ་ཟད། མཚན་གཞུང་རྣམས་རྒྱ་ནག་གཞུང་གིས་ཞིབ་ཕྲ་རྟོག་ཞིབ་བྱ་རྒྱུའི་ཆ་རྐྱེན་སྐྲུན་ཡོད། མང་གཙོ་དང་རང་དབང་ཡུལ་གྲུའི་ནང་ཆ་རྐྱེན་དེ་འདྲའི་འོག་གསར་འགོད་ལྷན་ཚོགས་ཡོང་ཐབས་མེད་པར་བརྟེན་ཡུ་རོབ་སྤྱི་མཐུན་ཚོགས་པས་གསར་འགོད་ལྷན་ཚོགས་ཕྱིར་བསྡུ་གནང་དགོས་བྱུང་ཡོད། དེ་ཡང་གནད་དོན་དེའི་ཐོག་ཡུ་རོབ་སྤྱི་མཐུན་ཚོགས་པའི་འཛིན་སྐྱོང་ལྷན་ཁང་གི་མགྲིན་ཚབ་པ་པི་ཡ་ཨ་རན་ཀིལ་ཌེ་ཧན་སེན་ Pia Ahrenkilde Hansenམཆོག་གིས་གསུང་དོན། རྒྱ་ནག་གཞུང་གིས་ཆ་རྐྱེན་དེ་དག་ལ་ང་ཚོས་ངོས་ལེན་བྱ་ཐབས་བྲལ་བར་བརྟེན་གསར་འགོད་ལྷན་ཚོགས་ཕྱིར་བསྡུ་བྱ་དགོས་བྱུང་ཡོད། དེར་བརྟེན་ཚོགས་འདུ་མཇུག་བསྒྲིལ་རྗེས་རྒྱ་ནག་སྐུ་ཚབ་མེད་པར་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྐུ་ཚབ་ཁོ་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད། ཅེས་གསུངས། རྒྱ་ནག་གཞུང་གིས་གསར་འགོད་ལྷན་ཚོགས་གཡོལ་ཐབས་བྱས་པ་འདི་ཐོག་མ་ཞིག་མིན། གང་ཡིན་བརྗོད་ན་སྔ་ལོ་ཡུལ་གཉིས་ཀྱི་ཚོང་འབྲེལ་ལྷན་ཚོགས་མཇུག་བསྒྲིལ་རྗེས་གསར་འགོད་ལྷན་ཚོགས་ཚུགས་རྒྱུའི་གྲ་སྒྲིག་ཆ་ཚང་ཟིན་ནའང་སྐབས་མཚམས་དེར་རྒྱ་ནག་གཞུང་གིས་ཆ་རྐྱེན་འདྲ་མིན་ལ་བསྙད་འདོགས་བྱས་ཏེ་གསར་འགོད་ལྷན་ཚོགས་ཕྱིར་བསྡུ་བྱ་དགོས་བྱུང་ཡོད།
དེ་ཡང་ཡུ་རོབ་སྤྱི་མཐུན་ཚོགས་པའི་འབྲེལ་ཡོད་ལས་བྱེད་ནས་རྒྱ་ནག་གི་བྱ་སྤྱོད་ཐོག་གསལ་བཤད་གནང་དོན། རྒྱ་ནག་གཞུང་གིས་གསར་འགོད་ལྷན་ཚོགས་སྐབས་གསར་འགོད་པས་བོད་དང་ཐེ་ཝན་གནད་དོན་ཐོག་དྲི་བ་བཏང་ཡོང་བསམ་པའི་བློ་འཚབ་བྱུང་བར་བརྟེན་གསར་འགོད་ལྷན་ཚོགས་ནས་གཡོལ་བ་ཞིག་ཡིན་པའི་རྣམ་པ་གསལ་པོ་འདུག་ཅེས་གསུངས། གཞན་ཡང་སྦེལ་ཇམ་དུ་རྟེན་གཞི་བྱས་པའི་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་ Belgium`s foreign press association ཀྱིས་གནད་དོན་དེའི་སྐོར་གསལ་བཤད་གནང་དོན། རྒྱ་ནག་གཞུང་གིས་གསར་འགོད་ལྷན་ཚོགས་སྐབས་གསར་འགོད་པ་མི་གྲངས་ ༥༠ ལས་མ་བརྒལ་བ་ཞིག་དགོས་པའི་རེ་འདུན་བཏོན་པ་མ་ཟད། མི་གྲངས་ ༥༠ ནས་གསར་འགོད་པ་ ༢༥ རྒྱ་གཞུང་གིས་འདེམས་རྒྱུ་དང། ལྷག་མ་ ༢༥ ཡུ་རོབ་སྤྱི་མཐུན་ཚོགས་པས་འདེམས་དགོས་རྒྱུའི་ཆ་རྐྱེན་བཞག་ཡོད། ཅེས་གསལ་བཤད་གནང་ཡོད་པ་བཅས།།