༢༠༡༢ ཟླ་ ༩ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༥ ཉིན་མོ་འདི་བཞིན་རྒྱ་གར་ནང་ལོ་ལྟར་དགེ་རྒན་གྱི་ཉིན་མོ། ཞེས་སྲུང་བརྩི་ཞུ་སྲོལ་ཡོད་པ་ལྟར་འདི་ལོའི་དགེ་རྒན་ཉིན་མོར་དབུས་བོད་སློབ་འཛིན་ཚོགས་ཀྱི་ཤེས་ཡོན་སློབ་འཁྲིད་ཐོག་སློབ་དགེ་གཉིས་ལ་རྒྱ་གར་རྒྱལ་ཡོངས་ཀྱི་གཟེངས་རྟགས་གནང་རྒྱུ་ཡིན་འདུག གཟེངས་རྟགས་ཐོབ་མཁན་གྱི་སློབ་དགེ་གཉིས་པོ་ནི། ད་ལྟ་མ་སུ་རི་གཏན་སློབ་ཏུ་ཕྱག་ལས་གནང་བཞིན་པ་སཀུ་ཞབས་ཨེས་སི་རའོ་ཏོ་ (Mr.S.C.Rauto) ལགས་དང། སྦེལ་ཀོབ་སི་ཝི་པི་ (CST CVP) བོད་མིའི་སློབ་གྲའི་སློབ་དགེ་བློ་བཟང་སྒྲོལ་མ་ལགས་གཉིས་ཡིན་འདུག གཟེངས་རྟགས་འབུལ་རྒྱུའི་མཛད་སྒོ་དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ (Vigyan Bhavan) ཞེས་པར་ཡིན་པ་དང། གཟེངས་རྟགས་གནང་མཁན་རྒྱ་གར་གྱི་སྲིད་འཛིན་སྐུ་ཞབས་པར་ནབ་མུ་ཁར་ཇི་ (Pranab Mukherjee) མཆོག་ཡིན་འདུག
ཐེངས་འདིར་ཤེས་ཡོན་སློབ་སྟོན་ཐོག་གཟེངས་རྟགས་ཐོབ་མཁན་སློབ་དགེ་རྣམ་གཉིས་ལ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བསྔགས་བརྗོད་དང་ལྷན་འཚམས་འདྲི་ཞུས་ཡོད། སྤྱིར་དགེ་རྒན་ཉིན་མོ། ཞེས་པའི་དུས་ཆེན་སྲུང་བརྩི་ཞུ་རྒྱུའི་ལམ་སྲོལ་དེ་ནི་དེ་སྔ་རྒྱ་གར་གྱི་སྲིད་འཛིན་ཨེས་རཱ་དྷ་ཀི་རི་ཤི་ནན་ (Dr.S Radhakrishnan) མཆོག་ལ་ཆེ་བསྟོད་ཞུ་ཆེད་ཡིན་པར་བརྟེན། སྲིད་འཛིན་དམ་པ་མཆོག་གི་འཁྲུངས་སྐར་ཉིན་གཟེངས་རྟགས་འབུལ་སྲོལ་ཡོད་པ་བཅས།།