༢༠༡༢ ཟླ་ ༩ ཚེས་ ༡༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༧ རེས་གཟའ་ཟླ་བའི་ཕྱེད་ཡོལ་ཆུ་ཚོད་ ༥ ཐོག་གངས་སྐྱིད་སྤྱི་ཐབ་ཡང་སྟེང་ཚོགས་ཁང་དུ་འབར་མའི་གྲོས་ཚོགས་འཐུས་མི་ཟུར་པ་དང་འབར་མའི་མང་གཙོ་ཚོགས་པའི་ཚོགས་མི་ (National League For Democracy) སྐུ་ཞབས་ཏིན་སུ་ཝེ་་ (Dr. Tint Swe) མཆོག་གིས་སྲི་ཞུ་བ་ཁག་གཅིག་ལ་འབར་མ་དང་བོད་དབར་གྱི་འབྲེལ་ལམ་ཐོག་གསུང་བཤད་གནང་ཡོད།
དེ་ཡང་སྐབས་དེར་བོད་མི་མང་སྤྱི་འཐུས་རྣམ་པ་དང། ཕྱི་དྲིལ་དྲུང་ཆེ་རྣམ་པ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་དང་འབྲེལ་ཡོད་ལས་བྱེད་སོགས་ཕེབས་ཡོད་པ་ཚོར་ཐོག་མར་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ངེས་སྟོན་པ་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་ཀྱིས་ཁོང་ངོ་སྤྲོད་གནང་བསྟུན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་གཙོ་སྐྱོང་གནང་ཡོད། དེ་རྗེས་སྐུ་ཞབས་ཏིན་སུ་ཝེ་ལགས་ཀྱིས་གསུང་བཤད་གནང་དོན། འབར་མའི་མི་ཞིག་ཡིན་ན་ཧ་ལམ་བོད་ཀྱི་གནས་ཚུལ་ཧ་གོ་རྒྱུ་རེད། གང་ཡིན་བརྗོད་ན། ཆུང་དུས་སློབ་གྲྭའི་ནང་བོད་དང་འབར་མའི་མི་རིགས་གཉིས་དབར་མི་རིགས་ཆགས་ཚུལ་ཐོག་འབྲེལ་བ་ཇི་འདྲ་ཡོད་མེད་སོགས་ཀྱི་སྐོར་དང་མི་རིགས་གཉིས་ཀྱི་འབྱུང་ཁུངས་ཇི་འདྲ་ཡིན་ཚུལ་སོགས་སློབ་ཚན་ནང་དུ་འཁོད་ཡོད། ལོ་རྒྱུས་ཐོག་ནས་བོད་དང་འབར་མའི་ཡུལ་གཉིས་དབར་འབྲེལ་བ་ཡོད། ཅེས་གསུངས། ཕྱོགས་མཚུངས་ཁོང་གིས་མུ་མཐུད་གསུང་དོན། འབར་མའི་མང་གཙོ་ཚོགས་པའི་དབུ་འཛིན་ལྕམ་ཨང་སང་སུ་ཀི་མཆོག་དང། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་རྣམ་གཉིས་ལོ་འདིའི་ནང་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་མཇལ་འཕྲད་བྱུང་ཡོད། དབུ་ཁྲིད་རྣམ་གཉིས་ནི་ནོ་བེལ་ཞི་བདེའི་གཟེངས་རྟགས་་བཞེས་མྱོང་མཁན་གཅིག་པ་ཡིན་པ་མ་ཟད། ལྕམ་སྐུ་མཆོག་ལ་མི་རིང་བར་ཨ་རིའི་གྲོས་ཚོགས་གསེར་གྱི་རྟགས་མ ཡང་འབུལ་ལམ་ཞུ་རྒྱུ་ཡིན། དེ་བཞིན་དབུ་ཁྲིད་རྣམ་གཉིས་མང་གཙོ་དང་འཚེ་མེད་ཞི་བའི་ཐབས་ལམ་འབའ་ཞིག་དོན་དུ་གཉེར་མཁན་ཡང་གཅིག་མཚུངས་ཆགས་ཡོད། བོད་དང་འབར་མ་ཡུལ་གཉིས་ཀྱི་ནང་དུ་འཕྲད་བཞིན་པའི་དཀའ་ངལ་དེ་རྒྱ་དམར་གཞུང་དང་འབྲེལ་བ་ཡོད་པའི་གནས་སྟངས་ཀྱང་གཅིག་མཚུངས་ཡིན། འདས་པའི་མི་ལོ་ ༥༠ ལྷག་རིང་ལ་འབར་མའི་ནང་གཅིག་བསྡུས་དབང་འཛིན་པས་རྒྱལ་ཁབ་དབང་བསྒྱུར་བྱས་པ་དེར་རྒྱ་དམར་གཞུང་གིས་གོ་སྐབས་ཟིན་ཏེ་འབར་མའི་ནང་ཐེ་བྱུས་མང་པོ་བྱས་ཡོད་ཅེས་གསུང་བཤད་གནང།
ཁོང་ནི་འབར་མའི་མང་གཙོ་ཚོགས་པའི་འོས་མི་བྱས་ནས་འབར་མའི་གྲོས་ཚོགས་འཐུས་མིར་འདེམས་ཐོན་བྱུང་ཡོད་ཀྱང། འབར་མའི་དྲག་པོའི་གཞུང་གིས་གནོན་ཤུགས་འོག་རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་ནས་ལོ་ ༢༠ ཙམ་འགྲོ་བཞིན་ཡོད་འདུག ཁོང་ནི་དུས་རྒྱུན་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པ་དང། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་བཞི་པ་འཚོགས་བཞིན་པའི་སྐབས་ཕྱི་ཚེས་༡༧ ཉིན་གྱི་ཕྱི་དྲོ་གྲོས་ཚོགས་ནང་ཆེད་ཕེབས་གནང་སྐབས་སྤྱི་འཐུས་རྣམས་ཀྱིས་དགའ་བསུ་ཞུས་ཡོད་པ་བཅས།།
འབར་མའི་གྲོས་ཚོགས་འཐུས་མི་ཟུར་པ་མཆོག་གིས་འབར་མ་དང་བོད་དབར་གྱི་འབྲེལ་ལམ་ཐོག་གསུང་བཤད་གནང་བ།
གསར་གནས།
འབྲེལ་གནས།