༢༠༡༢ ཟླ་ ༩ ཚེས་ ༧ རེས་གཟའ་པ་སངས།
༄༅། །བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༥༢ སྲུང་བརྩི་ཞུ་བའི་ཉིན་མོ་དང་སྟབས་བསྟུན་མེཀ་སི་ཀོའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ (Pensando en Tibet) བོད་དོན་ལ་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་ཆེད་ཡུལ་དེའི་གྲོང་ཁྱེར་མོ་རེ་ལི་ཡ་དང་ (Morelia) གྲོང་ཁྱེར་གོ་ད་ལ་ཇ་ར་ (Guadalajara) པོབ་ལ་(Puebla) ཀུར་ན་ཝ་ཁ་ (Cuernavaca) མེཀ་སི་ཀོ་སི་ཊི་ (Mexico City) བཅས་གྲོང་ཁྱེར་ལྔའི་ནང་གི་མང་ཚོགས་བརྒྱ་ཕྲག་མང་པོའི་མཚན་རྟགས་བཀོད་པའི་ཞུ་སྙན་ཞིག་མེཀ་སི་ཀོའི་ནང་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་སུ་ཕུལ་ཡོད། ཞུ་སྙན་དེས་བརྒྱུད་འབྱུང་འགྱུར་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༠ ནས་ ༢༨ བར་སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་དུ་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ ཐེངས་ ༢༡ ཚུགས་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་དགོས་པའི་འབོད་སྐུལ་ཞུས་ཡོད། ཕྱོགས་མཚུངས་ཞུ་སྙན་དེའི་མ་དཔེ་ཞིག་མེཀ་སི་ཀོའི་ཕྱི་སྲིད་ལས་ཁུངས་སུ་ཕུལ་ཡོད་པ་མ་ཟད། མེཀ་སི་ཀོའི་ཕྱི་འབྲེལ་བློན་ཆེན་སྐུ་ཞབས་པེ་ཊི་ཤི་ཡ་ཨེ་སི་པི་ནོ་ས་(Patricia Espinosa) མཆོག་དང་མེཀ་སི་ཀོའི་ཕྱི་འབྲེལ་བློན་ཆེན་གཞོན་པ་(Maria de Lourdes Aranda ) མཆོག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་སྐུ་ཚབ་དྲུང་ལས་ཇོན་མེ་ནུལ་གོ་མེ་ཛི་རོབ་ལེ་ཌོ་ (Juan Manuel Gomez Robledo) མཆོག་བཅས་ལའང་ཕུལ་ཏེ་མེཀ་སི་ཀོ་སྲིད་གཞུང་གིས་བོད་མི་ཚོར་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད་པ་བཅས།།