༢༠༡༢ ཟླ་ ༩ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༤ ཉིན་རྡ་ས་གངས་སྐྱིད་རྭ་སྟོད་བླ་བྲང་གི་ཡང་སྟེང་དུ་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་ལས་ཁུངས་གསར་འཛུགས་ལེགས་གྲུབ་ཟིན་པ་དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་དབུ་འབྱེད་གནང་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག བོད་མི་མང་སྤྱི་འཐུས་ཁག་གཅིག ནོར་ཝེ་རླུང་འཕྲིན་ཁང་གི་འགན་འཛིན། ཚོགས་མི། ཚོགས་པ་ཁག་གི་སྐུ་མགྲོན། འབྲེལ་ཡོད་ལས་བྱེད་བཅས་ཁྱོན་མི་གྲངས་ ༤༠ བརྒལ་བ་ལྷན་འཛོམས་ཀྱི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞལ་ཕྱེ་གནང་། དེ་རྗེས་ཕྱི་དྲིལ་བཀའ་བློན་མཆོག་གིས༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་ཞུས་གྲུབ་མཚམས་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་འགན་འཛིན་བསྟན་འཛིན་དཔལ་སྒྲོལ་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་དོན། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་བཙུགས་ཏེ་ལོ་ངོ་བཅུ་གྲངས་ཕྱིན་པའི་དུས་ཡུན་དེའི་ནང་ཕྱག་ལས་གང་གནང་བ་ཁག་ལ་བསྔགས་བརྗོད་ཞུ་རྒྱུ་དང་ཆབས་ཅིག་མ་འོངས་པར་ཕྱག་ལས་སྔར་ལྷག་ཡག་པོ་གནང་རྒྱུའི་རེ་བ་ཞུ་གི་ཡོད། ད་ལྟའི་བར་བརྒྱུད་ལམ་མང་པོ་ཞིག་ཡོད་པའི་ནང་།
བོད་ནང་གི་བོད་མི་དང་ང་ཚོ་བཙན་བྱོལ་སྤྱི་ཚོགས་ཀྱི་མིའི་དབར་འབྲེལ་བ་བཟོ་རྒྱུ་དང་ཁ་འཐོར་གནས་པའི་ང་ཚོ་བོད་མིའི་སྤྱི་ཚོགས། དེ་བཞིན་ང་ཚོའི་སྒྲིག་འཛུགས་དབར་འབྲེལ་བ་བཟོ་རྒྱུ། ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་རྣམས་བརྒྱུད་ལམ་ཁག་ནས་བཏང་བར་བརྟེན། བོད་ནང་གི་བོད་མིར་ཕན་ཐོགས་རླབས་ཆེན་ཡོང་གི་ཡོད་པར་ངོས་འཛིན་ཞུ་གི་ཡོད། རླུང་འཕྲིན་ཁང་དུ་ཕྱག་ལས་གནང་བའི་སྐབས། སོ་སོ་གཅིག་པུའི་འདོད་ཕྱོགས་ཙམ་མ་ཡིན་པར་བསམ་ཚུལ་དང་དྲི་བ་བསྡུ་བའི་སྐབས་བློ་གཟུ་བོར་གནས་དགོས་པ་དང་། སྤྱི་སྙོམས་ཐོག་ནས་གནང་དགོས་པ་ནི་གསར་འགོད་པ་དང་བརྒྱུད་ལམ་གྱི་འགན་ཆགས་ཡོད། ཅེས་གསུང་བཤད་གནང་། དེ་རྗེས་ཕྱི་དྲིལ་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན།
སྤྱིར་བཏང་རང་དབང་ཅན་གྱི་གསར་འགྱུར་བརྒྱུད་ལམ་དེ་ཧ་ཅང་གལ་པོ་ཆེན་པོ་ཆགས་བཞིན་ཡོད། ནོར་ཝེ་རླུང་འཕྲིན་ཁང་གི་བོད་དོན་དང་འབྲེལ་བའི་གསར་འགྱུར་ནང་དམིགས་བསལ་རྒྱ་སྐད་ཐོག་ཡོད་པ་དེ་གལ་ཆེན་པོ་མཐོང་གི་ཡོད། རྒྱ་མིའི་སྤྱི་ཚོགས་ནང་བོད་དོན་གོ་རྟོགས་སྤེལ་རྒྱུ་ཙམ་མ་ཟད། བོད་ནང་གི་སྤྱི་ཚོགས་ཀྱི་གནས་བབ་འོག་བོད་རིགས་གཞོན་སྐྱེས་མི་རིགས་ཀྱི་ལ་རྒྱ་ཡོད་ཀྱང་། བོད་སྐད་མ་ཤེས་པ་རྣམས་ལ་རྒྱ་སྐད་ཐོག་ནས་གསར་འགྱུར་ཉན་རྒྱུའི་གོ་སྐབས་སྐྲུན་བཞིན་འདུག དེ་བཞིན་ང་ཚོ་བར་ལོ་མང་རིང་འབྲེལ་བ་ཡོད་པར་བརྟེན་ད་དུང་མུ་མཐུད་འབྲེལ་ལམ་སྔར་ལྷག་ཉར་ཚགས་གནང་རྒྱུ་ཕྱོགས་གཉིས་ཀའི་ངོས་ནས་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཐུགས་རྗེ་ཆེ། ཞེས་གསུང་བཤད་གནང་ཡོད། དེ་ནས་བོད་མི་མང་སྤྱི་འཐུས་དང་རླུང་འཕྲིན་ལས་ཁུངས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཟུར་པ་ཆུང་བདག་ཀོ་རེན་ལགས་ཀྱིས་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོས་ནོར་ཝེ་རླུང་འཕྲིན་ཁང་གི་ལས་བྱེད་རྣམ་པར་གནང་བའི་གསུང་བཤད་སྒྲོགས་སྦྱང་གནང་སྟེ་མཛད་སྒོ་གྲོལ།
རྩ་བའི་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ནི་ཕྱི་ལོ་ ༡༩༩༦ ལོར་ནོར་ཝེ་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ཀྱིས་གསར་འཛུགས་དང་ནོར་ཝེ་གཞུང་ལ་དེབ་སྐྱེལ་ཞུས་པའི་གཞུང་འབྲེལ་མིན་པའི་རང་དབང་ཅན་གྱི་རླུང་འཕྲིན་འཕྲིན་ལས་ཁང་ཞིག་ཡིན་པ་མ་ཟད། རླུང་འཕྲིན་ཁང་དེ་ནས་ཉིན་ལྟར་ཆུ་ཚོད་ཕྱེད་ཀའི་རིང་བོད་དོན་དང་འབྲེལ་བའི་གནས་ཚུལ་རྒྱལ་སྤྱིའི་ཁྱོན་ལ་བོད་སྐད་དང་རྒྱ་སྐད་ཐོག་དྲ་རྒྱ་དང་སྲུང་སྐར་བརྒྱུད་རྒྱང་སྲིང་ཞུ་མུས་ཀྱིས་ད་ལྟའི་ཆར་སྒྲ་འཇུག་ཁང་གཉིས་སོགས་ལས་ཁུངས་ཀྱི་མ་ལག་ཆ་རྐྱེན་ལྡན་ཡོད་པ་བཅས།།