༢༠༡༢ ཟླ་ ༩ ཚེས་ ༢༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༥ ཉིན་ཐུབ་བསྟན་ཡར་འཕེལ་ལགས་དང་ངག་དབང་འོད་འབར་ལགས་རྣམ་གཉིས་ནས་བོད་ནང་གི་བོད་མིའི་བསམ་ཚུལ་བསྡུ་ལེན་གནང་བ་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་ཐོག་འགྲེམས་སྤེལ་གནང་བ་གཤམས་གསལ།
ཀ༽ བཙན་འོག་གི་བཙོན་པ་དང། རང་སྲོག་བློས་གཏོང་གནང་མཁན་རྣམས་ཀྱི་འབོད་སྒྲའི་ནང་དོན་ལྟར་བོད་མིར་རང་དབང་དང། མགོན་པོ་གང་ཉིད་མཆོག་རང་ཡུལ་དུ་གདན་ཞུ་ཐུབ་པ་དང། བྱེས་གྱར་བོད་མི་རྣམས་ཕྱིར་ལོག་གནང་རྒྱུའི་ཐོག་འབད་བརྩོན་གཙོ་བོར་གནང་བ་ལས་རྒྱ་གར་ནང་གཞིས་ཆགས་ནས་སྡོད་རྒྱུའི་ཐོག་ཐུགས་བསམ་མ་བཞེས་རོགས་གནང་ཞེས་གཞིས་ལུས་བོད་མི་བདུན་བཅུ་ཐམ་པའི་མགྲིན་དབྱངས་གཅིག་གྱུར་གྱིས་འབོད་སྐུལ་ཞུ་རྒྱུར། དེའི་སླད་རྒྱལ་སྤྱིའི་ཐོག་ལས་འགུལ་སྤེལ་ཐབས་གང་ཡོད་གནང་རོགས།
ཁ༽ ཉེ་ལམ་དེ་ཕྱོགས་ནས་༸རྒྱལ་བ་ཡིད་བཞིན་ནོར་བུའི་ཐུགས་དགོངས་དང་འགལ་བའི་བྱ་སྤྱོད་ཀྱིས་༸རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་ཐུགས་ཕམ་དགོས་པའི་གནས་ཚུལ་མི་སྙན་པ་གོ་ཐོས་བྱུང་བས་ང་ཚོ་འདི་ཕྱོགས་སུ་ཉིན་གྱི་ཟས་དང་། མཚན་མོའི་གཉིད་ཀྱི་བདེ་བའི་སྐབས་མེད་པར་གནས་ཡོད་པས། སླད་དེ་རིགས་མི་འབྱུང་སླད་ཚང་མས་ཐུགས་གཟབ་ཅིས་ཀྱང་གནང་རོགས་ཞུ་རྒྱུ། ༼བོད་མི་ ༦༦༽
ག༽ ང་ཚོ་འདིར་བཙན་འོག་ཏུ་གནས་པའི་བོད་མི་ཕལ་མོ་ཆེས་རང་གི་སྐད་ཡིག་དང། ཡུལ་གོམས་གཤིས་ལུགས། ཆོས་དང་རིག་གཞུང་སོགས་འཛིན་སྐྱོང་གང་ཐུབ་བྱེད་བཞིན་པས། དེ་ཕྱོགས་ནས་སྔར་ལྷག་འབད་བརྩོན་གནང་རོགས་ཞུ་རྒྱུ་དང། དེ་ཕྱོགས་ཀྱི་བརྙན་འཕྲིན་དང། རླུང་འཕྲིན་ལྟ་ཉན་བྱེད་སྐབས་ཕྱི་རྒྱལ་གྱི་སྐད་ཡིག་མཉམ་བསྲེས་མང་བས་གནས་ཚུལ་ཆ་ཚང་རྟོགས་དཀའ་བ་མ་ཟད། བོད་ཀྱི་སྐད་ཡིག་ལ་ཉམས་དམས་གཏོང་བཞིན་པའི་མཐོང་ཚུལ་མང་བས་སླད་དེ་རིགས་ལ་ཁྱེད་རྣམ་པས་གཟབ་ནན་གནང་རོགས།
༼བོད་མི་ ༤༥༽
ང༽ སྲིད་སྐྱོང་བློ་བཟང་སེང་གེ་ལགས་སུ་གཞིས་ལུས་མི་དམངས་ནས་ཡིད་ཆེས་བློ་གཏད་མཐའ་གཅིག་ཏུ་ཞུ་བཞིན་པ་ལགས་ན། དེ་ཕྱོགས་ཁྱེད་རྣམ་པས་ཕྱར་གྲུ་མཉམ་འདེགས་དང། མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱིས་ང་ཚོའི་མངོན་འདོད་གང་མྱུར་སྒྲུབ་ཐབས་གནང་རོགས། ༼བོད་མི་ ༥༤༽
ཅ༽ ང་ཚོ་རང་ཡུལ་དུ་ཉིན་འཁྱོལ་ཡང་མཚན་མི་འཁྱོལ་བའི་ད་ལྟའི་ཛ་དྲག་གི་གནས་སྟངས་ལས་མྱུར་དུ་གྲོལ་བའི་ཐབས་ཤེས་གང་ཡོད་གང་མྱུར་གནང་རོགས་ཞུ་རྒྱུ་དང། བོད་ཀྱི་ཛ་དྲག་གི་གནས་སྟངས་རྣམས་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་དོན་ཕན་ལྡན་པ་ཞིག་གནང་ཐབས་དང། རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་ཐབས་ལ་འབད་བརྩོན་ཤུགས་ཆེ་གནང་རོགས་ཞུ་རྒྱུ། ༼བོད་མི་ ༧༣༽
ཆ༽ དེང་སྐབས་ཞིང་འབྲོག་ས་ཁུལ་ཁག་ནས་རྒྱ་གཞུང་གིས་གཏེར་རིགས་སྔོག་འདོན་ཤུགས་ཆེ་བྱེད་བཞིན་པས་ང་ཚོ་རང་གི་ས་གནས་སུ་འཚོ་ཐབས་བྱེད་དཀའ་བའི་གནས་སུ་ལྷུང་བཞིན་པས། ཁྱེད་རྣམས་ནས་འདིའི་ཕྱོགས་ལས་འགུལ་སྤེལ་ཏེ་གང་མྱུར་མཚམས་འཇོག་ཐུབ་པའི་འབད་བརྩོན་གནང་རོགས། ༼བོད་མི་ ༣༤༽
ཇ༽ ད་ལྟ་བོད་ཆོལ་ཁ་གསུམ་ནང་ཀུན་གཟིགས་པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེས་དབུས་བོད་མི་ཆབ་སྲིད་བཙོན་པ་ཧ་ཅག་མང་པོ་ཞིག་རྒྱའི་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་ཀྱིས་དཀའ་སྡུག་མྱངས་དང་མྱོང་བཞིན་པས་དེ་དག་གང་མྱུར་བཙོན་གྲོལ་ཐོབ་ཐབས་ལ་རྒྱལ་སྤྱིའི་ཐོག་ནས་མནོན་ཤུགས་སྤྲོད་ཐབས་དང་ལས་འགུལ་མང་ཙམ་སྤེལ་རོགས་གནང། ༼བོད་མི་ ༢༥༽
གོང་གསལ་བསམ་ཚུལ་རྣམས་གཞིས་ལུས་དགོན་སྡེ་ཁག་གི་གྲྭ་བཙུན་དང། བོད་རིགས་ལས་བྱེད་པ། དགེ་རྒན། སློབ་ཕྲུག ཚོང་པ། ཞིང་འབྲོག་མི་དམངས། གྲོང་མི་སོགས་མི་གྲངས་བསྡོམས་ ༣༦༤ ནས་བསྡུ་ལེན་ཞུས་པའི་ཕྱོགས་བསྡོམས་ཀྱི་བསམ་ཚུལ་ཡིན།།