༢༠༡༢ ཟླ་ ༩ ཚེས་ ༢༦ རེས་གཟའ་ལྷག་པ།
༄༅། །བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༥ ཉིན་རྡ་སྟེང་བོད་ཁྱིམ་གྱི་ཚོགས་ཁང་ནང་དབུ་འཛུགས་གནང་བའི་མཛད་སྒོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་གི་གསུང་བཤད་གནང་དོན། ལྷར་བཅས་སྲི་ཞིའི་གཙུག་རྒྱན་འཛམ་གླིང་ཞི་བདེའི་དེད་དཔོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས་སྐྱབས་གནས་དགེ་འདུན་གྱི་སྡེ། གཞིས་བཞུགས་ཤ་ཁྲག་གཅིག་པའི་བོད་རིགས་རྣམ་པར་འཚམས་འདྲི་དང་སྦྲགས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ འོག་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་གཙོ་སྐྱོང་གནང་མཁན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོས་དབུས་ཁྲིམས་ཞིབ་པ་རྣམ་པ། བཀའ་བློན་དང་སྤྱི་འཐུས་ལས་ཟུར་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། ཆོས་བརྒྱུད་ཁག་གི་སྐུ་ཚབ་རྣམ་པ། ས་གནས་འཐུས་ཚོགས་དང་ས་གནས་རང་བདེན་ཚོགས་ཆུང་གི་སྐུ་ཚབ་རྣམ་པ། ས་གནས་འགོ་འཛིན་རྣམ་པ། བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། རང་སྐྱོང་སྡེ་ཚན་ཁག་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། དང་བླང་བ་རྣམ་པ། དམིགས་བསལ་ཚོགས་ཆེན་ཐོག་ཆེད་མངགས་ཕེབས་པའི་རྒྱ་རིགས་ཀྱིས་གཙོས་ཟུར་ཉན་རྣམ་པ། ཕྱི་ནང་གསར་འགྱུར་བརྒྱུད་ལམ་ཁག་གི་གྲོགས་པོ་རྣམ་པ་དང་། བཙན་བྱོལ་དུ་ཡོད་པའི་བོད་མི་སྤྱི་ཡོངས་ལ་བཀའ་ཤག་སྐབས་བཅུ་བཞི་པའི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
བཀའ་ཤག་སྐབས་བཅུ་བཞི་པས་འཛིན་སྐྱོང་གི་འགན་ཁུར་ནས་ལོ་གཅིག་ལྷག་ཙམ་འགྲོ་གི་ཡོད། དེའི་རིང་ལ་སྤྱི་ཚོགས་ནང་ལྷིང་འཇགས་པོ་བྱུང་སོང་སྙམ་པ་བྱུང་། གང་ལ་ཞེ་ན། ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་ཐོག་༸གོང་ས་མཆོག་གིས་སྩལ་བའི་གསུང་འཕྲིན་ནང་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་གསོལ་རས་སྩལ་རྒྱུའི་བཀའ་སློབ་ཕེབས་སྐབས། མི་མང་ནང་ཏན་ཏན་སེམས་འཚབ་ཆེན་པོ་བྱུང་ཡོད། འོན་ཀྱང་བཀའ་བློན་རྣམ་པས་གཙོས་བཀའ་བློན་ཁྲི་པས་ཕྱིའི་རྒྱལ་ཁབ་ཁག་གང་དུ་བཅར་ཡང་སྤྱི་ཚོགས་ནང་ལྷིང་འཇགས་པོ་ཆགས་པ་དེ་གཟི་བརྗིད་རེད་བསམས་ཀྱི་ཡོད། ཕྱོགས་གཅིག་ནས་རྒྱ་ནག་གཞུང་ལ་བརྡ་ལན་གསལ་པོ་ཞིག་སྤྲད་ཡོད། ཆབ་སྲིད་སྐུ་དབང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཀྱི་འཆར་སྣང་གཞིར་བཟུང་མི་མང་ལ་གསོལ་རས་སྩལ་བ་ལྟར། མི་མང་གིས་འགན་ཁུར་ཐུབ་རྒྱུའི་འབད་བརྩོན་གནང་གི་ཡོད། བོད་ནང་གི་བོད་མི་ཚོ་ཡིན་རུང་ཏན་ཏན་སེམས་འཚབ་བྱུང་ཡོད་ཀྱང་ད་ཆ་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་འགན་ཁུར་ཐུབ་ཀྱི་འདུག་བསམས་ཏེ་རིམ་བཞིན་ཡིད་ཆེས་སླེབ་རྒྱུ་ཙམ་མ་ཟད། སྙིང་སྟོབས་བསྐྱེད་རྒྱུར་ཏན་ཏན་ཐུགས་ཕན་གསོལ་བ་ཡོང་གི་རེད་བསམས་ཀྱི་ཡོད། དེ་བཞིན་རྒྱལ་སྤྱིའི་ཐོག་ནས་ཡིན་རུང་མང་གཙོའི་འགྲོ་ལུགས་འགྲོ་སྟངས་ནས་བདམས་པའི་འགོ་ཁྲིད་ཚོས་༸གོང་ས་མཆོག་གི་ཐུགས་ཀྱི་འཆར་སྣང་གཞིར་བཟུང་ལག་ལེན་བསྟར་ཀྱི་འདུག་ཅེས་ཡིད་ཆེས་དང་དོ་སྣང་གསར་པ་ཏན་ཏན་བྱུང་ཡོད་པ་རེད་བསམས་ཀྱི་ཡོད། ༸གོང་ས་སྐུ་ཕྲེང་ལྔ་པ་ཆེན་པོ་ནས་བཟུང་དུས་ད་ལྟ་བར་བོད་པའི་ལོ་རྒྱུས་དེ་རྡ་སར་ཡོད་པའི་བོད་མིའི་འཛུགས་ཀྱིས་མུ་མཐུད་ཀྱི་ཡོད། ཁྲིམས་མཐུན་གྱི་བདག་དབང་ཡིན་རུང་མུ་མཐུད་ཀྱི་ཡོད། མང་ཚོགས་ཀྱིས་རྒྱབ་སྐྱོར་ཡོད་པ་དེའི་ཐོག་བོད་ནང་གི་བོད་མི་ཚོ་ཡིན་རུང་ཡིད་ཆེས་དང་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བསྟན་སོང་། བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་ཀྱང་ཕྱར་གྲུ་མཉམ་འདེགས་དང་ཆིག་སྒྲིལ་གྱི་བཀའ་དྲིན་ལ་བརྟེན་ནས་བཀའ་ཤག་སྐབས་བཅུ་བཞི་པའི་ཐོག་ནས་ཕྲན་བུ་ཞབས་ཞུ་བསྒྲུབས་ཐུབ་པ་དང་གཙོ་ཆེ་ཤོས་འཐུས་ཤོར་ཕྱིན་མེད་ཅེས་སྙན་སེང་ཞུ་རྒྱུ་ཡིན། དེ་དང་མཉམ་དུ་ད་ལྟ་བར་དུ་ཡིད་ཆེས་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་རིང་ང་ཚོ་འདི་གར་འཛོམས་དགོས་དོན་ནི། གོང་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོས་གསུངས་པ་ལྟར། བོད་ནང་ཛ་དྲག་གི་གནས་སྟངས་ཆགས་པའི་ཐོག་དམིགས་བསལ་རང་ལུས་མེར་སྲེག་གཏོང་མཁན་ལྔ་བཅུ་ང་གཅིག་བྱུང་ཡོད། དེར་གཞུང་མང་གཉིས་ནས་གང་ཞིག་བྱ་རྒྱུ་ཡོད་དམ་ཞེས་བཀའ་བསྡུར་གནང་རྒྱུ་རེད། སྙན་གསེང་ཞུ་རྒྱུར། རང་ལུས་མེར་སྲེག་གཏོང་མཁན་ལྔ་བཅུ་ང་གཅིག་ནས་བཞི་བཅུ་ཞེ་གཅིག་འདས་གྲོངས་སུ་གྱུར་བ་རེད། དེའི་ནང་ནས་བཞི་བཅུ་ཞེ་གསུམ་བུ་དང་བརྒྱད་བུད་མེད། དགུང་ལོ་བགྲེས་ཤོས་ ༦༤ དང་ཆུང་ཆོས་ ༡༧ རེད། ཨ་མདོ་རྔ་བ་ཁུལ་ནས་རང་ལུས་མེར་སྲེག་གཏོང་མཁན་སུམ་ཅུ་བྱུང་འདུག དེ་མིན་བོད་ཀྱི་རྒྱལ་ལ་ལྷ་སས་གཙོས་བོད་ཆོལ་ཁ་གསུམ་ནས་རང་ལུས་མེར་སྲེག་གཏོང་མཁན་བྱུང་འདུག དམིགས་བསལ་རང་ལུས་མེར་སྲེག་གཏོང་མཁན་ལྔ་བཅུ་ང་གཅིག་བྱུང་ཡོད་པའི་ཁྲོད་ནས་ལྔ་བཅུ་ཐམ་པ་ན་ནིང་ལོའི་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བ་ནས་བཟུང་ད་ལྟ་བར་ལྔ་བཅུ་ཐམ་པ་བྱུང་ཡོད། ཚེས་གྲངས་དེ་གནད་འགག་རྩི་བཞིན་ཡོད། གང་ལ་ཞེ་ན། གསུམ་བཅུའི་དུས་དྲན་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་སྐུ་དབང་ཆ་ཚང་མི་མང་ལ་གསོལ་རས་སྩལ་གྱི་ཡིན་ཞེས་བཀའ་སློབ་ཕེབས་ཡོད། ཕྱི་ཟླ་ ༣ ཚེས་ ༢༠ ཉིན་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་འོས་བསྡུ་བྱས་པ་རེད། དེའི་དཀྱིལ་དེར་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ཡོད། དེ་དུས་ནས་བཟུང་ད་ལྟ་བར་ལོ་གཅིག་དང་ཕྱེད་ཀའི་ནང་བོད་མི་ལྔ་བཅུས་རང་ལུས་མེར་སྲེག་བཏང་བར་བརྟེན། ཛ་དྲག་པོའི་གནས་སྟངས་རང་བཞིན་ཆགས་ཀྱི་ཡོད། བཀའ་ཤག་ཐོག་ནས་གང་ཐུབ་ཅི་ཐུབ་འབད་བརྩོན་ཞུས་པ་ཡིན། དཔེར་ན། མཆོད་འབུལ་སྨོན་ལམ་ཐེངས་བཅུ་དྲུག་ཞུས་ཡོད། དེའི་ནང་ནས་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་མཆོག་དབུ་བཞུགས་ཐོག་བླ་ཆེན་ཁག་ཡོད་པའི་སྐབས། རྒྱལ་ཁབ་ ༦༣ ནས་མི་འབུམ་གཅིག་ལྷག་ཡོད་པའི་སྐབས་ལ་མཆོད་འབུལ་སྨོན་ལམ་གཞི་རྒྱ་ཆེ་ཤོས་ཤིག་ཕུལ་ཡོད། དེ་བཞིན་གསར་འགོད་གསལ་བསྒྲགས་ཐེངས་ལྔ་བཅུ་ལྷག་ཙམ་ཞིག་ད་ལྟ་བར་བཀའ་ཤག་གིས་ཞུས་ཡོད། གསར་འགྱུར་བརྒྱུད་ལམ་འཛམ་གླིང་ནང་སྙན་གྲགས་ཆེ་ཤོས་ཡིན་པ་(CNN)དང་(BBC)སོགས་ཀྱིས་གཙོས་གསར་འགྱུར་བརྒྱུད་ལམ་འདྲ་མིན་ཁག་ནང་གང་ཐུབ་ཅི་ཐུབ་ཀྱིས་བོད་ནང་གི་གནས་སྟངས་ཁྱབ་བསྒྲགས་ཞུས་ཡོད། འཛམ་གླིང་འགོ་ཁྲིད་ཁག་ལ་ཕྱག་བྲིས་ཁྱོན་ ༥༣ ཙམ་ཞིག་ཕུལ་ཡོད། དེ་བཞིན་གྲོས་ཚོགས་ཁག་ནས་གྲོས་ཆོད་བཞག་ཐུབ་པ་དང་རྒྱབ་སྐྱོར་གྱི་རྣམ་པ་བསྟན་པ་ཁག་གང་ཙམ་ཞིག་བྱུང་ཡོད། དཔེར་ན། ལུང་པ་ཁག་གཅིག་གི་མིང་ཞུས་ན། ཨོ་སི་ཊོ་ལི་ཡ། ཁེ་ན་ཌ། ཐེ་ཝན། ཅེཀ་སྤྱི་མཐུན་རྒྱལ་ཁབ། ཕ་རན་སི། ཇར་མན། ཉི་ཧོང། ཨི་ཊ་ལི། ལྷོ་ཀོ་རི་ཡ། པོ་ལན་ཌི། ལྷོ་ཨ་ཕི་རི་ཀ། སུད་སི། ཨ་རི། ཝི་ཏི་ནམ་སོགས་ཀྱིས་གཙོས་མཉམ་འབྲེལ་རྒྱལ་ཚོགས་ནང་དུ་ཡིན་རུང་། མཉམ་འབྲེལ་རྒྱལ་ཚོགས་དང་འབྲེལ་བའི་ཚོགས་འདུ་ཁག་ནང་བོད་དོན་སྐོར་གླེང་སློང་བྱུང་ཡོད་ཅེས་ཞུ་རྒྱུ་ཡིན། དེའི་ནང་ཨ་རིའི་གྲོས་ཚོགས་གོང་མའི་ནང་གྲོས་ཆོད་བཞག་ཐུབ་པ་དང་། ཡུ་རོབ་གྲོས་ཚོགས་ནང་གྲོས་ཆོད་གཉིས་བཞག་ཐུབ་ཡོད། དེ་བཞིན་ཉི་ཧོང་ལྟ་བུ་ཡིན་ན། གྲོས་ཚོགས་ཀྱི་འཐུས་མི་བརྒྱ་མ་ཟིན་ཙམ་གྱིས་རྒྱབ་སྐྱོར་རྣམ་པའི་ཕྱག་བྲིས་ཕུལ་བ་བྱུང་ཡོད། འོན་ཀྱང་བཀའ་ཤག་ཐོག་ནས་མ་ཆད་མ་ལྷག་ཞུས་ཡོད་པ་དེའི་ཐོག་ད་དུང་གནང་དགོས་པ་མང་དག་ཅིག་ཡོད། དེའི་ཆེད་དུ་ད་རེས་དམིགས་བསལ་ཚོགས་ཆེན་སྐོང་བའི་ཐོག་ནས་ཏན་ཏན་འཆར་གཞི་གསར་པ་དེ་འདྲ་ཐོན་ཡོང་གི་རེད་བསམས་པའི་ཡིད་ཆེས་ཡོད། ཅེས་ཞུ་རྒྱུ་ཡིན།
བཀའ་ཤག་གིས་རང་ལུས་མེར་སྲེག་ཐོག་གི་ལངས་ཕྱོགས་གང་ཡིན་ཞུ་རྒྱུ་ཡིན། བཀའ་ཤག་ཐོག་ནས་ང་ཚོ་ནི་མི་ཞིག་དང་ནང་པ། དེ་བཞིན་བོད་པ་ཡིན་པའི་ཆ་ནས་གསར་འགྱུར་བརྒྱུད་ལམ་ཁག་སོགས་ལ་འགྲེལ་བཤད་གང་འདྲ་རྒྱག་གི་ཡོད་དམ་ཞེ་ན། མི་ཡིན་པའི་ཆ་ནས་རང་ལུས་མེར་སྲེག་གཏོང་བའི་སྐབས་ལ་མི་ཞིག་ཡིན་པའི་ཆ་ནས་དེ་འདྲ་གནང་མི་དགོས་པ་བྱུང་ན་བསམ་པའི་ཚོར་བ་རང་བཞིན་གྱིས་ཡོང་གི་ཡོད། དེར་བརྟེན་ཉེན་ཚབས་ཆེ་བའི་ལས་འགུལ་མ་སྤེལ་རོགས་ཞེས་བཀའ་ཤག་ཐོག་ནས་འབོད་སྐུལ་རིམ་པས་ཞུས་ཡོད། དེ་ནས་ང་ཚོ་ནང་པའི་ཆོས་ལ་ཡིད་ཆེས་བྱེད་མཁན་ཡིན་པའི་ཆ་ནས་རང་ལུས་མེར་སྲེག་བཏང་རྗེས་འདས་གྲོངས་སུ་གྱུར་བ་ཡིན་ན། མཆོད་འབུལ་སྨོན་འཚོགས་རྒྱུ་ང་ཚོའི་འགན་ཡིན་པར་སོང་མཆོད་འབུལ་སྨོན་ལམ་ཞུ་གི་ཡོད། དེ་བཞིན་བོད་མིི་ཡིན་པའི་ཆ་ནས་བོད་ནང་གི་བོད་མི་ཚོས་རང་ལུས་མེར་སྲེག་གཏོང་རྒྱུ་དེ་དག་བོད་དང་བོད་མིའི་ཆེད་དུ་གནང་གི་ཡོད་སྟབས། ཁོང་ཚོར་ང་ཚོས་གདུང་སེམས་མཉམ་སྐྱེ་ཡོད་ཅེས་ཞུས་ཡོད་པ་མ་ཟད། བོད་ནང་གི་བོད་མི་ཚོའི་མངོན་འདོད་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དང་། བོད་མིར་རང་དབང་དགོས། ཞེས་བརྗོད་པ་དེར་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་གི་ཡོད།
བཀའ་ཤག་གི་ལངས་ཕྱོགས་དེ་མི་ཡིན་པ་དང་བོད་པ་ཡིན་པའི་ཆ་ནས་འགྲེལ་བཤད་རྒྱག་སྐབས་མི་མང་གང་ཙམ་ཞིག་གིས་བཀའ་ཤག་གི་ལངས་ཕྱོགས་ཡག་པོ་ཡོད་པ་གསུང་མཁན་བྱུང་སོང་། གསར་འགྱུར་བརྒྱུད་ལམ་ཁག་ཡིན་ནའང་བཀའ་ཤག་གི་ལངས་ཕྱོགས་དེར་བསྔགས་བརྗོད་བྱེད་མཁན་ཡོང་གི་འདུག གང་ཡིན་ཟེར་ན། རྒྱ་ནག་གཞུང་གིས་བོད་ནང་གི་ཛ་དྲག་གནས་སྟངས་དེ་ང་ཚོའི་སྟེང་དུ་ཞྭ་མོ་གཡོག་རྒྱུའི་འབད་བརྩོན་བྱེད་ཀྱི་འདུག འོན་ཀྱང་བཀའ་ཤག་གི་ལངས་ཕྱོགས་དེའི་ཐོག་ནས་གསལ་པོ་ཡིན་པ་དང་རྒྱ་ནག་གཞུང་གི་གནད་ཡོད་མི་སྣར་འགྲེལ་བཤད་རྒྱག་ཐུབ་རྒྱུ་ཞིག་འདུག དེར་བརྟེན་འབྲེལ་ཡོད་མི་སྣས་རྒྱབ་སྐྱོར་དང་བསྔགས་བརྗོད་གནང་མཁན་བྱུང་ཡོད། བོད་ནང་གི་བོད་མིའི་མངོན་འདོད་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དང་བོད་མིར་རང་དབང་བསྐྱར་གསོ་བྱེད་རྒྱུ་དེ་རེད། དེའི་སྟེང་དམིགས་བསལ་ཚོགས་ཆེན་ཐོག་གྲོས་བསྡུར་ཡོང་གི་རེད་ལ་གནང་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག གང་ཡིན་ཟེར་ན་བོད་ནང་བཞུགས་པའི་བོད་མི་ཚོས་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་གསུང་ཡོད་སྐབས་ང་ཚོས་ལོ་རྒྱུས་ལ་བལྟས་པ་ཡིན་ནའང་། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་རྒྱ་གར་ནས་བོད་ལ་བོད་མི་རང་གི་གདན་འདྲེན་ཞུས་པ་བཞིན། སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཀྱང་བོད་ལ་གང་འདྲ་བྱས་ཏེ་གདན་འདྲེན་ཞུ་ཐུབ་དགོས་པ་དེའི་ཐོག་ཏན་ཏན་དམིགས་བསལ་ཚོགས་ཆེན་ཐོག་གྲོས་བསྡུར་ཡོང་གི་རེད་བསམ་ཏེ་རེ་བ་ཞུ་གི་ཡོད། དེ་བཞིན་བོད་མི་ཡིན་པའི་ཆ་ནས་རྒྱ་གར་དང་ཨེ་ཤི་ཡ། རྒྱལ་སྤྱིའི་ཐོག་ག་རེ་བྱེད་རྒྱུ་ཡོད་དམ་ཞེས། ད་རེས་བཀའ་བསྡུར་གནང་རྒྱུའི་དོན་གནད་གཙོ་བོ་དེ་གསུམ་ཆགས་ཀྱི་ཡོད། བཀའ་ཤག་ཐོག་ནས་བོད་མི་ཚོས་ག་རེ་བྱེད་རྒྱུ་ཡོད་དམ་ཞུས་ན། བཀའ་ཤག་གི་གསུང་བཤད་རིམ་པའི་ནང་ཞུས་ཡོད། དམིགས་བསལ་གཞོན་སྐྱེས་ཚོར་བོད་སྐད་དང་བོད་ཆས་གྱོན་རྒྱུ། མཆོད་འབུལ་སྨོན་ལམ་གྱིས་མཚོན་མ་ཎི་ཡིན་ཡང་བགྲང་རྒྱུའི་འབད་བརྩོན་གནང་རྒྱུ་དང་། རྒྱ་གར་དང་ཨེ་ཤི་ཡའི་ནང་བོད་དེ་གལ་ཆེན་པོ་ཡིན་པ་ཞུ་མི་དགོས་པ་རེད། རྒྱ་གར་དང་ཨེ་ཤི་ཡར་མཚོན་ན། བོད་དེ་ཁོར་ཡུག་དང་བདེ་འཇགས་སྲུང་སྐྱོབ་ཐོག་ནས་གལ་ཆེན་པོ་དང་དམིགས་བསལ་ནང་པ་མང་པོ་ཡོད་པར་སོང། ཁོང་རྣམ་པའི་རྒྱབ་སྐྱོར་ཐོབ་རྒྱུར་ང་ཚོས་གང་འདྲ་བྱེད་ཀྱི་འདུག དམིགས་བསལ་རྒྱ་ནག་ནང་དུ་ནང་ཆོས་བྱེད་མཁན་ས་ཡ་སུམ་བརྒྱ་ཙམ་ཡོད་སྐོར་བརྗོད་ཀྱི་ཡོད། དེ་དག་ལ་ང་ཚོས་སྙོབས་ཐུབ་པའི་ཐོག་ནས་རྒྱབ་སྐྱོར་རག་ཐུབ་རྒྱུ་གང་འདྲ་བྱེད་དགོས་ཀྱི་ཡོད། ཏན་ཏན་དེ་ཚོའི་ཐོག་གྲོས་བསྡུར་ཡོང་གི་རེད་བསམ་གྱི་འདུག རྒྱལ་སྤྱིའི་ཐོག་ནས་ག་རེ་གནང་རྒྱུ་ཡོད་དམ་ཞུ་སྐབས། བཀའ་ཤག་གི་གསུམ་བཅུའི་དུས་དྲན་གྱི་ཉིན་མོར་འདི་ལོའི་ལོ་འདི་ཞུ་གཏུག་ཕུལ་བའི་ལོར་ངོས་འཛིན་ཞུ་གི་ཡོད། དེས་ག་རེ་མཚོན་གྱི་ཡོད་དམ་ཞེ་ན། གྲོས་ཚོགས་ནང་བཅར་ཏེ་གྲོས་ཚོགས་ཀྱི་འཐུས་མིར་བོད་དོན་སྐོར་ཞུ་རྒྱུ་དང་གྲོས་ཚོགས་སུ་བགྲོ་གླེང་གནང་ཐུབ་རྒྱུ།
དེ་བཞིན་གྲོས་ཆོད་འཇོག་ཐུབ་པའི་འབད་བརྩོན་ཞུ་དགོས་ཞེས་ཞུས་ཡོད། དེ་སྔོན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ལུང་པ་ཁག་གང་ཙམ་ཞིག་ནང་འབད་བརྩོན་ཆེན་པོ་གནང་འདུག དེ་ལྟར་གཞོན་སྐྱེས་ཚོས་གྲོས་ཚོགས་འཐུས་མིའི་སར་བཅར་ཏེ་བོད་དོན་ཞུས་ཏེ་རྒྱབ་སྐྱོར་རག་ཐུབ་པ་བྱེད་རྒྱུ་དེ་ཡག་པོ་འདུག ང་ཚོ་ལའང་ཉམས་མྱོང་ཞིག་རག་སོང་ཞེས་གསུང་གི་འདུག དེ་ནས་ང་ཚོར་ཉམས་མྱོང་གསར་པ་ཞིག་ཐོབ་བྱུང་། བོད་རིགས་གཞོན་སྐྱེས་ཚོས་གྲོས་ཚོགས་སུ་བཅར་དུས་དྲི་བ་འདྲ་མིན་སླེབས་སྐབས། ལན་འདེབས་བྱེད་རྒྱུར་ཅུང་དཀའ་ངལ་ཡོད་པར་སོང་། དེའི་ཐོག་ལམ་སྟོན་གནང་དགོས་པ་དང་། གཉིས་པ་གྲོས་ཆོད་འཇོག་ཐུབ་རྒྱུའི་འབད་བརྩོན་བྱེད་སྐབས། གྲོས་ཆོད་བཞག་མ་ཐུབ་པར་ཕམ་པའི་གནས་ཚུལ་ཡང་བྱུང་འདུག འོན་ཀྱང་ང་ཚོས་གྲོས་ཆོད་འཇོག་ཐུབ་རྒྱུའི་འབད་བརྩོན་བྱས་ཏེ་གཅིག་ཕམ་གཉིས་ཕམ་བྱས་པ་ཡིན་ཡང་། སྤྱི་སྙོམས་ཆབ་སྲིད་གནས་སྟངས་ཐོག་ནས་གང་འདྲ་ཆགས་ཀྱི་ཡོད། དེ་ལས་དང་པོ་དེར་གྲོས་ཚོགས་འཐུས་མི་དང་མཇལ་ནས་གནད་དོན་ཞུས་ཏེ་གླེང་སློང་དང་གྲོས་ཚོགས་ནང་བགྲོ་གླེང་གནང་ཐུབ་པ་གནང་། དེ་ནས་འཐུས་མི་བརྒྱ་ཆ་གང་ཙམ་གྱིས་རྒྱབ་སྐྱོར་བྱུང་ན། དེ་ནསབརྒྱུད་ལམ་ཁག་ནང་བཀྲམ་ཐུབ་པ་ཡིན་ན་དེ་ནི་བོད་དོན་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་མཐོང་རྒྱུའི་རེ་བ་ཆགས་འདུག གྲོས་ཆོད་འཇོག་སྐབས་ང་ཚོར་གྲོས་ཚོགས་འཐུས་མི་བརྒྱ་ཙམ་གྱི་རྒྱབ་སྐྱོར་ཡོད་པ་དང་བརྒྱ་དང་བཞི་བཅུ་ཙམ་གྱི་རྒྱབ་སྐྱོར་མེད་པ་ཡིན་ནའང་། མཐའ་མ་གྲོས་ཆོད་ཕམ་པའི་གནས་ཚུལ་ཐོན་སྲིད་པ་རེད། དེར་བརྟེན་ང་ཚོས་ཉམས་མྱོང་བཞག་པའི་ཐོག་ནས་ང་ཚོ་ནང་ཁུལ་ཡིན་ནའང་ཚོགས་འདུར་གྲོས་བསྡུར་ལྷུག་པོ་དང་སྦྱོང་བརྡར་གནང་རྒྱུ་གལ་ཆེན་པོ་ཡིན། དམིགས་བསལ་ཕྱི་ཟླ་ ༡༡ པའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་འཚོགས་རྒྱུ་རེད། དེ་དུས་ཞུ་གཏུག་རྒྱག་རྒྱུའི་ཐབས་ལམ་གང་འདྲ་བྱེད་དགོས་ཀྱི་ཡོད། སྤྱི་ཡོངས་ཐོག་སྦྱོང་བརྡར་སྤྲོད་རྒྱུ་གལ་ཆེན་པོ་གཟིགས་ཀྱི་འདུག་ཞུ་རྒྱུ་ཡིན། དེ་བཞིན་བོད་མིའི་མང་གཙོའི་དུས་ཆེན་གྱི་བཀའ་ཤག་གསུང་བཤད་ནང་ག་རེ་བཀོད་ཡོད་བརྗོད་ན། ཨ་རིའི་ནང་ཡོད་པའི་གྲོས་ཚོགས་ཀྱི་འཐུས་མི་འགའ་ཤས་ཀྱིས་ཨ་རིའི་ཕྱི་དྲིལ་དྲུང་ཆེ་ལྩམ་སྐུ་ཧི་ལ་རི་ཁེན་ཌོན་ལ་ཕྱག་བྲིས་ཤིག་ཕུལ་བའི་ནང་གང་བཀོད་ཡོད་དམ་ཞུས་ན། བོད་དོན་ཐོག་འབྲེལ་མཐུད་ཚོགས་ཆུང་ཞིག་བསྐོ་དགོས་ཀྱི་ཡོད་པ་ཞུས་འདུག དེ་གཞི་འཛིན་ས་སྔོན་མ་ཨི་ཇིབ་དང་སི་རི་ཡར་འབྲེལ་མཐུད་ཚོགས་ཆུང་བཙུགས་པ་དེའི་ནང་ལྟ་བ་མཐུན་པའི་རྒྱལ་ཁབ་ཨ་རི་གཙོས་པའི་རྒྱལ་ཁབ་ལྔ། བཅུ། བཅོ་ལྔ་གྲོས་བསྡུར་གྱིས་ཕྱར་གྲུ་མཉམ་འདེགས་ཐོག་ནས་བོད་དོན་ཐོག་ལས་འགུལ་ག་རེ་སྤེལ་རྒྱུ་ཡོད། ག་རེ་བྱེད་དགོས་ཀྱི་འདུག་ཅེས་ཕྱག་བྲིས་ཕུལ་འདུག་པ་དེའི་ནང་འགྲོ་བ་མིའི་ལྟ་ཞིབ་ཚོགས་པས་རྒྱབ་སྐྱོར་བྱས་ཏེ་བོད་དོན་ལའང་ཨི་ཇིབ་དང་སེ་རི་ཡ་ལྟར་དགོས་ཀྱི་འདུག་ཅེས་ཕྱག་བྲིས་ཕུལ་འདུག ད་རེས་དམིགས་བསལ་ཚོགས་ཆེན་ལ་རྒྱལ་སྤྱིའི་ཐོག་ནས་ག་རེ་གནང་རྒྱུ་ཡོད། གྲོས་ཚོགས་དང་འབྲེལ་བ་ཡིན་ན་ཞུ་གཏུག་ཕུལ་ཏེ་འབྲེལ་བ་གནང་རྒྱུ་དང་། གཞུང་དང་འབྲེལ་བ་ཡོད་པ་ཡིན་ན། འབྲེལ་མཐུད་ཚོགས་ཆུང་འཛུགས་ཐུབ་རྒྱུའི་འབད་བརྩོན་ཞུ་རྒྱུ་མེད་དམ། ཞེས་ཐེངས་འདིར་བཀའ་ཤག་གི་དགོངས་ཚུལ་ཞུ་གི་ཡིན།
དེ་བཞིན་བྱང་ཨ་རིའི་སྤྱི་མཐུན་ཚོགས་པ་ཚོགས་སྟེ་སྙན་ཐོའི་ནང་གཅིག་ག་རེ་བཀོད་འདུག་བརྗོད་ན། ཉེ་ལམ་ཨོ་སི་ཊི་རི་ཡའི་ཝེ་ཡེ་ནར་མི་དམངས་འདུ་འཛོམས་ཚོགས་པའི་སྐབས། མི་གྲངས་ཁྲི་གཅིག་ལྷག་༸གོང་ས་མཆོག་ཆིབས་སྒྱུར་སྐབས་འདུ་འཛོམས་བྱུང་སར་ངོས་རང་ཉིད་ཀྱང་ཡོད། སྐབས་དེ་ལྟ་བུ་མི་མང་འཛོམས་ཆེན་པོ་དེ་འདྲ་རྣམ་པ་སྟོན་ཐུབ་པ་ཡག་པོ་འདུག གཞི་རྩའི་སྐད་འབོད་གང་སར་ཡོད་པ་ཡག་པོ་རེད། འོན་ཀྱང་རྒྱལ་ཁབ་གཅིག་གི་ནང་མི་མང་གིས་བོད་དོན་སྐོར་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་ཡོད་ཅེས་ཁྱབ་བསྒྲགས་གནང་རྒྱུ་ཡིན་ན། མི་མང་འདུ་འཛོམས་གང་མང་ཡོད་ན། བརྒྱུད་ལམ་ཁག་ཏུ་ཁྱབ་བསྒྲགས་དང་རྒྱ་ནག་གཞུང་ལ་བརྡ་ལན་སྤྲོད་རྒྱུ་དང་། བོད་ནང་བོད་མི་ལ་ཡིན་ཡང་མི་སྟོང་ཕྲག་བཅུ་འཛོམས་ཡོད་པ་བྱུང་ཡོད་ཅེས་ཆབ་སྲིད་ཐོག་ནས་དགེ་མཚན་ཆེན་པོ་ཞིག་མཐོང་གི་འདུག ད་རེས་དམིགས་བསལ་ཚོགས་ཆེན་ཐོག་ནས་ཕྱི་ལོ་ ༢༠༡༣ དེ་ལས་འགུལ་སྤེལ་རྒྱུའི་ལོ་ཞེས་ལས་འགུལ་མང་པོ་ཞིག་སྤེལ་རྒྱུའི་འབད་བརྩོན་གནང་བ་ཡིན་ན། དགེ་མཚན་ཆེན་པོ་ཞིག་མཐོང་གི་འདུག་ཅེས་ཞུ་དགོས་དོན་གང་ཡིན་ནམ་ཟེར་ན།
བོད་ནང་ཛ་དྲག་གནས་སྟངས་དང་འཛམ་གླིང་སྤྱི་ཡོངས་ལ་གཟིགས་པ་ཡིན་ན། ཨ་རིའི་སྲིད་འཛིན་ཕྱི་ཟླ་ ༡༡ ནང་བརྗེ་རྒྱུའི་དུས་ལ་སླེབས་ཡོད། གཅིག་བྱས་ན་སྲིད་འཛིན་ཨོ་བྷ་མ་སླེབ་རྒྱུའི་རེ་བ་ཡོད། ཕ་རན་སིར་ཉེ་ཆར་འོས་བསྡུ་བྱས་ཏེ་གཞུང་བརྗེས་ཙམ་རེད། ཇར་མན་ནང་ཕྱི་ལོ་ ༢༠༡༣ ལོར་འོས་བསྡུ་བྱེད་ཀྱི་རེད་ཟེར་གྱི་ཡོད། དེ་བཞིན་ཉི་ཧོང་རྒྱ་གར་རྒྱལ་སྤྱིའི་ཐོག་ནས་གཞུང་གསར་རྙིང་འོས་བསྡུའི་ལོ་ཞིག་ཆགས་ཡོང་སྐབས། རྒྱལ་སྤྱིའི་ཐོག་ནས་གནད་འགག་གི་ལོ་ཞིག་ཆགས་ཡོད། དེའི་སྐབས་བོད་དོན་གང་ཐུབ་ཅི་ཐུབ་ཀྱིས་ཁྱབ་བསྒྲགས་གནང་རྒྱུའི་འབད་བརྩོན་བྱེད་རྒྱུ་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་འདུག་ཞུ་རྒྱུ་ཡིན། འོན་ཀྱང་ལས་འགུལ་སྤེལ་རྒྱུ་གང་འདྲ་ཞིག་ཡིན་ཡང་བཀའ་ཤག་གི་སྔོན་ཞུས་ལྟར། ཞི་བ་དང་ཁྲིམས་མཐུན་ཆེས་མཐོང་ལྡན་པའི་ཐོག་ནས་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་རེད་ཞུས་ཡོད་པར། གྲོས་ཚོགས་ཀྱིས་རྒྱབ་སྐྱོར་ཐོབ་ཡོད་པར་བརྟེན། བཀའ་སྤྱི་གཉིས་ཐོག་ནས་ལམ་སྟོན་ཆགས་ཀྱི་ཡོད་པས་ངེས་པར་དུ་ཐུགས་ལ་འཇོག་རོགས་གནང་། ང་རང་ཚོའི་ཐད་ཀར་འབྲེལ་བ་ཡོད་པའི་རྒྱ་ནག་ནང་གི་འགོ་ཁྲིད་བརྗེ་པོ་རྒྱག་གི་ཡོད། ཕལ་ཆེར་ཕྱི་ཟླ་ ༡༠ དང་ ༡༡ ནང་འགོ་ཁྲིད་གསར་པ་སུ་དང་སུ་ཕེབས་ཀྱི་ཡོད་གསལ་པོ་ཆགས་ཀྱི་ཡོད། ཡོངས་བསྒྲགས་ལ་ཞི་ཅིན་ཕིང་སྲིད་འཛིན་ཆགས་ཀྱི་ཡོད་པ་དང་། ཁོང་རང་གི་དགོངས་པ་བཞེས་སྟངས་དེ་འགའ་ཤས་ཀྱིས་བརྗོད་པ་ལྟར་ན། ཁོང་མཁྲེགས་པོ་དང་འགའ་ཤས་ཀྱིས་འཇམ་པོ་ཡིན་སྐོར་བརྗོད་ཀྱི་ཡོད། དེ་དག་ཚང་མ་ཚོད་དཔགས་རེད། དབང་ཆ་ཚང་མ་བཞེས་རྗེས་རིམ་པས་བལྟ་རྒྱུ་རེད།
འོན་ཀྱང་གནས་ཚུལ་གཅིག་ལ་ཁོང་རང་གི་པ་ལགས་ཞིའི་ཀྲུ་ཞི་བོད་དང་འབྲེལ་བ་ཡོད་པ་ཞིག་རེད། ཅེས་པའི་གནས་ཚུལ་ཡང་ཡོད། འོན་ཀྱང་ཞི་ཅིན་ཕིང་པ་ལགས་ལྟར། ཡོད་མེད་རིམ་པས་བལྟ་རྒྱུ་དང་། ང་ཚོ་བོད་དོན་དང་ཐད་ཀར་འབྲེལ་བའི་གནས་ཚུལ་གཅིག་གསལ་པོ་ཆགས་ཡོད། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་བློན་ཆེན་ཐད་ཀར་འགན་འཁྱེར་མཁན་དེ་ལིས་ཅིང་ཧྭ་ཟེར་བ་དེ་བསྐོས་ཡོད་པ་ཡོངས་བསྒྲགས་ཆགས་ཡོད། ལིས་ཅིང་ཧྭ་སུ་རེད་ཅེས་ཞུས་ན། གསར་འགྱུར་བརྒྱུད་ལམ་ཁག་གི་ནང་གསུངས་པ་ལྟར་ན། ཁོ་པ་ནི་ཧུའུ་ཅིན་ཐོའི་ལག་པ་གཡས་པ་ཡིན་པ་འཁོད་ཡོད། དངོས་གནས་བྱས་ན་ཁོ་པའི་གོ་གནས་འཕར་ཏེ་འགྲོ་དགོས་ཀྱི་ཡོད་ཀྱང། འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་དུ་བསྐོ་གཞག་བྱས་པ་དེས་གོ་གནས་སམ་གནས་རིམ་ཕྲན་བུ་ཆག་ཡོད་ཅེས་བརྗོད་ཀྱི་ཡོད། ལིས་ཅིང་ཧྭ་ཁོ་རང་འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་དང་། ཁོ་རང་གི་ལས་རོགས་དམིགས་བསལ་སྐུ་ཚབ་རྣམ་པ་དང་ལྷན་བོད་རྒྱ་འབྲེལ་མོལ་གནང་མཁན་ཀྲུ་ཝེན་ཆོན་ཟེར་བའི་ཚབ་ཏུ་ཀྲང་ཡིང་ཅུན་ཞེས་པ་དེ་བསྐོ་གཞག་བྱས་ཡོད། དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་གནས་ཚུལ་ཐོན་ཡོད། ཀྲང་ཡིང་ཅུན་ཁོ་རང་ཕལ་ཆེར་ཧུའུ་ཅིན་ཐོའི་མི་ཡིན་པ་ཡོངས་གྲགས་ཆགས་ཡོད། དེར་བརྟེན་འཐབ་ཕྱོགས་གཅིག་གྱུར་གྱི་ནང་ཧུའུ་ཅིན་ཐོའི་མི་སྣ་དེ་དག་བསླེབས་ཡོད། ཞི་ཅིན་ཕིང་ཁོ་རང་ལ་ལྟ་བ་གཅིག་ཡོད། བོད་དོན་དང་ཐད་ཀར་འབྲེལ་བ་ཡོད་པ་ཕྱི་ཟླ་ ༡༡།༡༢ ནང་ཕལ་ཆེར་ཁོ་པ་ཚོའི་སྐབས་བཅོ་བརྒྱད་པའི་ཚོགས་འདུ་ཚོགས་ཟིན་པའི་རྗེས་སུ་ང་རང་ཚོར་ཐད་ཀར་འབྲེལ་བ་ཡོད་པའི་མི་སྣ་གཅིག་ད་ལྟ་གཏན་འཁེལ་རྒྱུ་ལྟ་བུ་རེད། དེ་སུ་རེད་ཅེ་ན། ཆབ་སྲིད་གྲོས་ཚོགས་ཀྱི་འགན་འཁྱེར་མཁན་གཙོ་བོ་དེ་གཏན་འཁེལ་གྱི་རེད། བརྒྱུད་ལམ་དེ་འཐབ་ཕྱོགས་གཅིག་གྱུར་དང་དེ་ནས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོས་རྒྱ་ནག་གི་བཀའ་ཤག་ནང་བོད་དོན་སྐོར་ཞུ་གི་ཡོད། ཆབ་སྲིད་གྲོས་ཚོགས་ཀྱི་འགན་འཁྱེར་མཁན་དེ་སུ་ཡིན་བལྟ་རྒྱུ་རེད། དེ་དག་རིམ་བཞིན་རྒྱ་ནག་གི་འགོ་ཁྲིད་འཕོ་འགྱུར་བྱེད་སྐབས་གསལ་པོ་ཆགས་ཀྱི་རེད། འོན་ཀྱང་བཀའ་ཤག་གིས་ནན་ཏན་ཞུ་རྒྱུར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་རང་འཇགས་གནས་རྒྱུ་ཡིན་པས་ཐུགས་འཚབ་མ་གནང་རོགས་ཞུ་རྒྱུ་ཡིན།
དེ་བཞིན་བཀའ་ཤག་གི་ཡིག་ངག་གཉིས་ཀྱི་ཐོག་ནས་དབུ་མའི་ལམ་གྱི་ལངས་ཕྱོགས་ཡིན་པ་ཧ་ཅང་གསལ་པོ་ཞུས་ཡོད། དེའི་ནང་ནས་དམིགས་བསལ་སྐུ་ཚབ་རྣམ་པ་གཉིས་ལ་བཀའ་ཤག་གིས་བློ་ཕམ་ཐོག་དགོངས་པ་གནང་སྐབས། ཁོང་རྣམ་པས་རིན་ཐང་ཅན་གྱི་ཞབས་ཞུ་བསྒྲུབས་ཡོད་སྐོར་ཞུ་རྒྱུ་བྱུང་། སྐུ་ཚབ་གཉིས་ནས་དགོངས་པ་ཞུ་དགོས་དོན་ནི། ཕྱི་ལོ་ ༢༠༠༨ ནས་ད་ལྟ་བར་དུ་བོད་ནང་གནས་ཚུལ་ཛ་དྲག་ཏུ་འགྲོ་གི་ཡོད་པ་དང་། འོན་ཀྱང་བཀའ་ཤག་གིས་རྒྱ་བོད་འབྲེལ་ལམ་ཐོག་ལ་འབད་བརྩོན་གནང་རྒྱུ་དེ་ས་གནས་གང་དང་དུས་ཚོད་ག་དུས་ཡིན་རུང་གྲ་སྒྲིག་ཡོད་ཅེས་ཞུས་པ་དེ་རང་འཇགས་གནས་ཡོད། དེར་བརྟེན་དམིགས་བསལ་མཐའ་མ་དེར་བཀའ་ཤག་གི་གསར་འགོད་གསལ་བསྒྲགས་ནང་ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེ་བ་བརྩི་གི་ཡོད་ཅེས་ཞུས་ཡོད། དམིགས་བསལ་སྐུ་ཚབ་བསྐོ་གཞག་བྱ་རྒྱུའི་ཐོག་བསམ་བློ་བཏང་དང་གཏོང་བཞིན་ཡོད། དེ་བཞིན་རྒྱ་བོད་འབྲེལ་ལམ་གྱི་ཚོགས་ཆུང་ཞིག་ཡོད་པ་དེ་ཕྱི་ཟླ་ ༡༢ ཟླ་མཇུག་ལ་འཚོགས་རྒྱུ་ཡིན། ལོ་རྗེས་མ་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་ཚོགས་རྗེས་རྒྱ་ནག་གི་འགོ་ཁྲིད་བདུན་གྱི་གོ་གནས་དང་འགན་ག་རེ་ཡིན་པ་ཁ་གསལ་ཆགས་ཀྱི་ཡོད་རེད་སྙམ་གྱི་འདུག་པས། དེ་ནས་རིམ་བཞིན་འབད་བརྩོན་ཞུ་རྒྱུ་ཡིན། རྒྱ་ནག་ནང་དུ་ཡིན་རུང་ཆབ་སྲིད་སོགས་ཀྱི་ཐོག་ཧ་ཅང་འཁྲུག་ཆ་དོད་པོ་རེད། རྒྱ་ནག་གི་འགོ་ཁྲིད་འཕོ་འགྱུར་གྱི་ཧ་ཅང་འཁྲུག་ཆ་དོད་པོ་འདུག དེ་ཙམ་མ་ཟད་དཔལ་འབྱོར་ཉམས་གུད་དང་། ཁོར་ཡུག་དང་ཆུའི་དཀའ་ངལ་ཡོད་པ། དེ་བཞིན་དྲག་པོའི་ལམ་གྱི་ཐོག་ནས་ཁྱིམ་མཚེས་རྒྱལ་ཁབ་ཕི་ལི་པིན་དང་ཝི་ཏི་ནམ། ཉི་ཧོང་གིས་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་མང་པོ་དང་མཉམ་དུ་གནས་ཚུལ་ཆགས་ཀྱི་ཡོད་པ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་ཡོད། དེ་བཞིན་རྒྱ་ནག་ནང་དུ་ཡིན་རུང་ལོ་གཅིག་ནང་ངོ་རྒོལ་བྱེད་མཁན་འབུམ་གཅིག་དང་ཕྱེད་ཀ་ནས་འབུམ་གཉིས་ཙམ་གྱིས་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་ནང་དུ་ཡིན་རུང་ལོ་ལྔ་བཅུའི་ནང་ཏན་ཏན་འགྱུར་བ་ཆེན་པོ་ཞིག་འགྲོ་གི་ཡོད་པའི་རྣམ་པ་ཞིག་གསར་འགྱུར་བརྒྱུད་ལམ་ཁག་ནང་ཐོན་ཡོང་གི་འདུག་ཅེས་ཞུ་རྒྱུ་ཡིན།
མཐའ་དོན་ཞུ་རྒྱུར། དེ་རིང་ང་ཚོ་འདི་གར་འཛོམས་དགོས་དོན་ནི། བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞུང་མང་གཉིས་ཀྱིས་དེའི་ཐོག་ག་རེ་གནང་རྒྱུ་ཡོད་དམ། ང་ཚོ་ཚང་མས་ཕྱི་ལོ་ ༢༠༠༨ ནང་བོད་དང་རྒྱ་ནག་ནང་ཟིང་ཆ་ཆེན་པོ་དེ་འདྲ་ཞིག་ལངས་ཀྱི་རེད་བསམ་པ་ཞིག་བྱུང་མེད་ཀྱང་བྱུང་བ་རེད། དེ་བཞིན་རང་ལུས་མེར་སྲེག་གཏོང་མཁན་མང་པོ་དེ་འདྲ་ཞིག་ཡོང་གི་རེད་བསམས་པ་ང་ཚོའི་བསམ་བློར་འཁོར་མེད་ཀྱང་བྱུང་ཡོད། བོད་ནང་ཛ་དྲག་གི་གནས་སྟངས་ཡིན་པ་ཧ་ཅང་གསལ་པོ་རེད། བོད་ནང་གི་བོད་མི་ཚོས་སྙིང་སྟོབས་ལྡན་པའི་ཐོག་ནས་སྐུ་ལས་སྐྱོན་གྱི་ཡོད་པ་དང་བློས་གཏོང་གི་ཡོད་པ་ཧ་ཅང་གསལ་པོ་རེད། དེ་བཞིན་བཙན་བྱོལ་དུ་ཡོད་པ་ཚོར་ཡང་བརྡ་ལན་ཧ་ཅང་གསལ་པོ་རེད་བསམས་ཀྱི་ཡོད། ང་ཚོའི་རྩ་ཆེན་ཚེ་སྲོག་བློས་གཏོང་བྱས་ཏེ་ང་ཚོའི་མངོན་འདོད་དང་རེ་བ་དེ་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དང་། བོད་མིའི་རང་དབང་བསྐྱར་གསོ་བྱ་རྒྱུ་དེ་ཡིན། དེ་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་རྩ་ཆེན་རྩིས་པའི་ཐོག་ནས་རྒྱབ་སྐྱོར་གནང་རོགས། རྒྱལ་སྤྱིའི་སྡིངས་ཆའི་ཐོག་འཁྱོལ་བ་གནང་རོགས་ཞེས་ཁོང་རྣམ་པ་ཚོའི་བརྡ་ལན་གསལ་པོ་རེད་བསམས་ཀྱི་ཡོད། དེ་རིང་ང་ཚོ་འདི་གར་འཛོམས་དགོས་དོན་རྣམ་པ་ཚོས་ཤེས་གསལ་ཡིན། རྒྱ་ནག་གཞུང་གི་མཁྲེགས་བཟུང་གི་སྲིད་བྱུས་ལ་བརྟེན་ནས་བོད་ནང་ཛ་དྲག་གི་གནས་སྟངས་ཆགས་ཡོད། དེར་གདོང་ལེན་ཆེད་གཞུང་མང་གཉིས་ནས་ག་རེ་བྱེད་དམ་ཞེས་ཐེངས་འདིར་བོད་མི་ཚོར་བསམ་བློ་གཏོང་རྒྱུ་དང་འཆར་གཞིའི་འདིང་རྒྱུ། ལས་འགུལ་སྤེལ་རྒྱུའི་དུས་ཚོད་ཆགས་ཀྱི་ཡོད་པ་རེད་མ་གཏོགས་རྗེས་སུ་བོད་ཀྱི་ལོ་རྒྱུས་འབྲི་སྐབས། མི་རབས་འདིའི་སྐབས་ལ་བོད་དེ་འཛམ་གླིང་གི་ས་ཁྲ་ནས་མེད་པར་ཆགས་པ་རེད་ཅེས་བློ་ཕམ་གྱི་གནས་ཚུལ་བྱུང་བ་ཡིན་ན། ང་ཚོའི་མི་རབས་སྐབས་གནས་ཚུལ་དེ་ཆགས་རྒྱུའི་ཉེན་ཁ་ཡོད།
དེར་བརྟེན་བོད་ནང་གི་བོད་མིས་སྐུ་ལས་དེ་འདྲ་ཞིག་བསྐྱོན་ཏེ་རེ་བ་དེ་འདྲ་ཞིག་བསྐྱོན་སྐབས། བཙན་བྱོལ་བོད་མི་ཚོར་དམིགས་བསལ་འགན་འཁྱེར་བའི་ཐོག་ནས་ཏན་ཏན་ཉིན་གསུམ་བཞི་འདིའི་རིང་ལ་ལས་འགུལ་ག་རེ་སྤེལ་རྒྱུ་ཡོད་པ་དང། གཞུང་མང་གཉིས་ཐོག་ནས་ག་རེ་བྱ་རྒྱུ་ཡོད་པ། དེའི་ཐོག་གྲོས་བསྡུར་ལྷུག་པོ་གནང་གི་རེད། དགོངས་ཚུལ་དང་འཆར་གཞི་ཏན་ཏན་ཡོང་བའི་རེ་བ་ཞུ་གི་ཡོད། ལས་འགུལ་ག་རེ་སྤེལ་བ་ཡིན་ནའང་ཞི་བ་དང་། ཁྲིམས་མཐུན། ཆེས་མཐོང་ལྡན་པའི་ཐོག་ནས་ལས་གཞི་སྤེལ་རྒྱུའི་འཆར་གཞི་འདིང་རོགས་གནང་ཞུ་རྒྱུ་ཡིན།
མཐའ་དོན་བཀའ་ཤག་སྐབས་བཅུ་བཞི་པའི་ཚབ་ཞུས་ཏེ་རྣམ་པ་ཚོའི་གྲོས་བསྡུར་གང་བྱུང་དང་འཆར་གཞི་གང་ཡོད་པ་ཡིན་ནའང་། བཀའ་ཤག་ཐོག་ནས་གང་ཐུབ་ཅི་ཐུབ་བསྒྲུབ་རྒྱུའི་འབད་བརྩོན་ཞུ་གི་ཡིན། ཉིན་གསུམ་བཞིའི་ནང་གྲོས་བསྡུར་ལྷུག་པོ་ཡོང་བ་དང་ང་ཚོ་ཚང་མས་ཕྱར་གྲུ་མཉམ་འདེགས་ཐོག་ནས་ད་ལྟ་བར་དུ་གནང་བ་དེ་མུ་མཐུད་གནང་རྒྱུའི་རེ་བ་དང་ཡིད་ཆེས་ཡོད་ཅེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།།