༢༠༡༢ ཟླ་ ༨ ཚེས་ ༡༣ རེས་གཟའ་ཟླ་བ།
༄༅། །འདི་གར་བལ་ཡུལ་མཐའ་མཚམས་ཤར་ཝ་ར་གསུམ་གཞིས་ལས་ཁང་གིས་བཏང་གནས་ནང་འཁོད་དོན། བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་བྱེ་བྲག་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་ཕོ་མོ་ཡོངས་ལ་གདུང་སེམས་མཉམ་སྐྱེ་ཞུ་ཆེད་དང། དེ་བཞིན་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༨ རེས་གཟའ་ལྷག་པའི་ཉིན་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གིས་བཀའ་བློན་ཁྲི་པའི་མཛད་ཁུར་དམ་འབུལ་བཞེས་གནང་སྟེ་ལོ་གཅིག་འཁོར་བའི་དུས་ཚིགས་འཁེལ་བ་དང་སྟབས་བསྟུན། ཝ་ལུང་བསམ་འཕེལ་གླིང་གཞིས་ཆགས་ཀྱི་མི་མང་རྣམས་གཞིས་དགོན་བཀྲ་ཤིས་ཆོས་འཕེལ་གྱི་མདུན་ཐང་དུ་ཚང་འཛོམས་ཐོག་ད་བར་བོད་ནང་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་ཕོ་མོ་རྣམས་ལ་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་གནང་གྲུབ་མཚམས། མི་མང་རྣམས་ཀྱིས་སྐྱབས་འགྲོ་དང། བདེན་ཚིག་སྨོན་ལམ། མ་ཎི་བཅས་གསོག་སྒྲུབ་གནང་ཡོད།
དེ་བཞིན་གོང་ཚེས་ཉིན་ཤར་ཁུམ་བདེ་ལེགས་གླིང་བོད་མིའི་གཞིས་ཆགས་སུ་སྔ་དྲོ་ཆུ་ཚོད་ ༨ པའི་ཐོག་མི་མང་རྣམས་ཚང་འཛོམས་ཀྱིས་བསྟན་སྲུང་འཕྲིན་སྐུལ་དང་བསང་གསོལ་གཟབ་རྒྱས་ཞུས། དེ་རྗེས་ཆུ་ཚོད་ ༩།༣༠ ཐོག་སློབ་གྲྭའི་མདུན་ཐང་དུ་དགེ་ལས་སློབ་ཕྲུག་རྣམས་དང་མི་མང་བཅས་ཚང་འཛོམས་ཐོག་བོད་དོན་ཆེད་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་ཕོ་མོ་རྣམས་ལ་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་གནང་བ་དང་ཆབས་ཅིག་སྨོན་ལམ་གསུང་འདོན་གནང་ཡོད། དེ་ནས་དེ་ཉིན་རེས་གཟའ་ལྷག་པ་འཁེལ་ཡོད་སྟབས་ཕྱེད་ཡོལ་ཆུ་ཚོད་ ༡ ཐོག་མི་མང་འདུ་འཛོམས་ཀྱིས་སྔ་རྒྱུན་ལྟར་སྐྱབས་འགྲོ་དང། ངོ་མཚར་སངས་རྒྱས། བདེན་ཚིག་སྨོན་ལམ་བཅས་གསོག་སྒྲུབ་གནང་ཡོད་པ་བཅས།།