༢༠༡༢ ཟླ་ ༨ ཚེས་ ༡༨ རེས་གཟའ་སྤེན་པ།
༄༅། །ཨོ་སི་ཊོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཨོ་སི་ཊོ་ལི་ཡའི་གཞུང་ལ་རྒྱ་ནག་གཞུང་ནས་བོད་ནང་དྲག་གནོན་བྱེད་བཞིན་པ་དེ་མཚམས་འཇོག་དང་ལྷག་པར་བོད་མིར་ཆབ་སྲིད་དང་ཆོས་ལུགས་ཀྱི་རང་དབང་བསྐྱར་གསོ་ཡོང་ཐབས་ཆེད་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་གནོན་ཤུགས་གོང་མཐོར་གཏོང་དགོས་པའི་འབོད་སྐུལ་ཞུས་འདུག
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༦ ཉིན་ཚོགས་པ་དེའི་འབྲེལ་མཐུད་པ་དང་གཞུང་འབྲེལ་ལས་དོན་འགན་འཛིན་གྱིས་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁེན་བྷེ་རར་(Canberra)ཨོ་སི་ཊོ་ལི་ཡའི་གཞུང་དང་འགྲོ་བ་མིའི་ཐོབ་ཐང་ཐོག་ལས་དོན་གཉེར་མཁན་གཞུང་འབྲེལ་མ་ཡིན་པའི་ལོ་འཁོར་ལྷན་ཚོགས་ཐོག་མཉམ་ཞུགས་གནང་སྟེ། ད་ལྟ་བོད་ནང་རྒྱ་གཞུང་གིས་བོད་མིར་ཚད་ལས་བརྒལ་བའི་དྲག་གནོན་བྱས་པར་བརྟེན། ད་བར་བོད་མི་ ༤༩ ལྷག་གིས་རང་ལུས་མེར་སྲེག་བཏང་ཡོད། དེ་བཞིན་རྒྱ་ནག་གཞུང་ནས་བོད་ཀྱི་ཆོས་དང་རིག་གཞུང་ལ་རྩིས་མེད་རྡོག་རོལ་བཏང་བ་མ་ཟད། ད་ཆ་བོད་ནང་རྒྱ་ནག་གཞུང་གིས་སྔར་ལྷག་དམ་བསྒྲགས་དང་དྲག་གནོན་ཤུགས་ཆེ་བཏང་དང་གཏོང་མུས་ཡིན་སྟབས། བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། དེར་བརྟེན་བོད་ནང་གི་ཛ་དྲག་དཀའ་ངལ་སེལ་ཐབས་ཆེད་ཨོ་སི་ཊོ་ལི་ཡའི་གཞུང་ཕྱོགས་ནས་རྒྱལ་སྤྱིའི་མཉམ་འབྲེལ་གྱི་སྲིད་བྱུས་བཟུང་སྟེ་རྒྱ་ནག་གཞུང་ལ་གནོན་ཤུགས་ཆེ་ཙམ་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད། སྐབས་དེར་ཨོ་སི་ཊོ་ལི་ཡའི་གཞུང་ཕྱོགས་ནས་ཁོང་རྣམ་པར་རྒྱལ་ས་ཁེན་བྷེ་རར་ཟླ་བ་སྔོན་མའི་ནང་ཚོགས་པའི་ཨོ་སི་ཊོ་ལི་ཡ་དང་རྒྱ་ནག་གཞུང་དབར་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་སྐབས། ཁོང་རྣམ་པས་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོར་བོད་མིའི་སྤྱི་ཚོགས་དང་དཔལ་འབྱོར་གོང་འཕེལ་གྱི་ལས་འཆར་ཁག་ནང་བོད་མི་རྣམས་མཉམ་ཞུགས་བྱེད་བཅུག་དགོས་པའི་རེ་སྐུལ་ཞུས་ཡོད་སྐོར་གསུངས་ཡོད་པ་མ་ཟད། དེ་སྔོན་ཨོ་སི་ཊི་ལི་ཡའི་ཕྱི་སྲིད་བློན་ཆེན་མཆོག་གིས་རྒྱ་ནག་གཞུང་གི་ཕྱི་སྲིད་བློན་ཆེན་དང་ཐུག་འཕྲད་སྐབས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱེད་དགོས་པའི་གླེང་མོལ་ཐད་ཀར་གནང་ཡོད་སྐོར་ཡང་གསུངས་འདུག་པ་བཅས། །
ཨོ་སི་ཊོ་ལི་ཡའི་གཞུང་ཕྱོགས་ནས་རྒྱལ་སྤྱིའི་མཉམ་འབྲེལ་གྱི་སྲིད་བྱུས་བཟུང་སྟེ་རྒྱ་ནག་གཞུང་ལ་གནོན་ཤུགས་ཆེ་ཙམ་སྤྲོད་དགོས་པའི་འབོད་སྐུལ་ཞུས་པ།
གསར་གནས།

འབྲེལ་གནས།
