༢༠༡༢ ཟླ་ ༨ ཚེས་ ༢༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༦ བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ལ་སྒོ་ཝ་མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་དབུས་བློན་ཆེན་ཟུར་པ་དང་། རྒྱ་གར་རང་བཙན་འཐབ་རྩོད་པ། སྒྱུ་རྩལ་མི་སྣ། གློག་བརྙན་འཁྲབ་སྟོན་པ། གསར་འགོད་པ། སྤྱི་ཚོགས་ཞབས་ཞུ་བ། མི་མང་། སློབ་ཕྲུག་བཅས་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད། དེ་ཡང་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༦ སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་རྒྱ་གར་ལྷོ་ཕྱོགས་ཀོ་ཅི་ Kochi གྲོང་ཁྱེར་ནས་འགོ་འཛུགས་ཞུས་པའི་བདེན་པའི་མེ་ལྕེ་མངའ་སྡེ་ཁག་གཅིག་དང་ས་ཁུལ་མང་པོའི་ནང་སྐོར་བསྐྱོད་ཟིན་ཏེ། བྷང་ལོར་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་ཚེ་དབང་རྒྱལ་མཚན་ལགས་དང་། མཐུན་འབྲེལ་འགན་འཛིན་བསྟན་འཛིན་རབ་དགའ་ལགས་གཉིས་ཀྱི་ཕེབས་སྐྱེལ་འོག་ཟླ་ ༨ ཚེས་ ༢༤ ཉིན་སྒོ་ཝ་མངའ་སྡེའི་ཝ་སེ་ཀོ་ Vasco གྲོང་ཁྱེར་དུ་འབྱོར་བ་དང་། སྐབས་དེར་དགོང་དྲོ་ཆུ་ཚོད་ ༦ པའི་ཐོག་ས་གནས་གྲོང་སྡེ་ལས་ཁུངས་ཀྱི་དཔེ་མཛོད་ཚོགས་ཁང་ནང་ Trailokya Bodh Mahasangh དང་། Bahujan Hitay ནང་པའི་ཚོགས་པ་གཉིས་དང་། ཝ་སེ་ཀོ་བོད་མིའི་སྒྲིག་འཛུགས་གསུམ་གྱི་གོ་སྒྲིག་འོག་བདེན་པའི་མེ་ལྕེར་ཕེབས་བསུ་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་མར་མེ་ཞལ་ཕྱེ་དང་། དཀོན་མཆོག་ལ་མཆོད་འབུལ་དང་སྨོན་ལམ་གྲུབ་མཚམས། འབྲེལ་ཡོད་ཚོགས་སྡེ་ཁག་གི་སྐུ་ཚབ་ནས་བདེན་པའི་མེ་ལྕེར་དགའ་བསུ་དང་། བོད་དོན་ལས་འགུལ་ལ་གདུང་སེམས་མཉམ་སྐྱེ་གསུང་བཤད་རིམ་བཞིན་གནང་། དེ་ནས་བྷེང་ལོར་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་གྱིས་ལས་འགུལ་སྐོར་གསུང་བཤད་གནང་།
དེ་རྗེས་ནང་པའི་ཆོས་པ་སྐུ་ཞབས་ Dhammachari Jindarshi དང་། Dhammachari Amoghketu ལགས་གཉིས་ཀྱིས་བོད་དོན་གསུང་བཤད་གནང་། དེ་ནས་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་ཧིན་སྐད་ཐོག་བདེན་པའི་མེ་ལྕེའི་ལས་འགུལ་གྱི་སྔ་ཕྱིའི་འབྱུང་རིམ་ངོ་སྤྲོད་དང་། བོད་ནང་བོད་མི་རྒྱལ་གཅེས་པ་ ༤༩ རང་ལུས་མེར་སྲེག་བཏང་བ་སོགས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་འགྲེལ་བརྗོད་དང་། བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་སོགས་ཀྱི་གསུང་བཤད་གནང་ཡོད། དེ་རྗེས་མཛད་སྒོར་ཕེབས་པའི་རྒྱ་གར་ཡུལ་མི་དང་བོད་མི་བཅས་ཁྱོན་མི་གྲངས་ ༥༠ ཙམ་ཡོད་པ་རྣམས་ནས་བོད་དོན་ཞུ་སྙན་ཐོག་མཚན་རྟགས་གནང་སྟེ། མཛད་སྒོ་རྒྱལ་ཁའི་ངང་མཇུག་སྒྲིལ་གནང་ཡོད། ཕྱི་ཟླ་ ༨ ཚེས་ ༢༥ སྔ་དྲོ་ཆུ་ཚོད་ ༩ ཐོག་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ནས་འཛམ་གླིང་འདིའི་སྟེང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་ RSS སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ Goa སྒོ་ཝ་དང་། Gujarat སྒུཇ་ར་ཏ། Maharashtra མ་ཧཱ་རཤ་ཏྲ་མངའ་སྡེ་གསུམ་གྱི་སྤྱི་ཁྱབ་དབུ་ཁྲིད་སྐུ་ཞབས་ Sunil Deshpande ལགས་དང་། སྒོ་ཝ་མངའ་སྡེའི་འགན་འཛིན་སོགས་ཚོགས་པའི་གནད་ཡོད་མི་སྣ་ཁག་གཅིག་མཇལ་འཕྲད་ཞུས་ཏེ། བོད་དོན་སྤྱི་དང་། བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྐོར་ངོ་སྤྲོད་ཞུ་སྐབས། ཁོང་རྣམས་ཀྱིས་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བ་མ་ཟད། རྒྱལ་ཚོགས་སུ་འབུལ་ལམ་ཞུ་རྒྱུའི་བོད་དོན་ཞུ་སྙན་སྟེང་མཚན་རྟགས་ཀྱང་གནང་ཡོད། སྐབས་དེར་བོད་ཀྱི་གནད་དོན་ཐོག་གྲོས་བསྡུར་ཡང་རྒྱ་ཆེ་གནང་ཡོད་པ་རེད།
ཟླ་ ༨ ཚེས་ ༢༥ སྔ་དྲོ་ཆུ་ཚོད་ ༡༡ ཐོག་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་དང་སྐུ་ཚབ་ཚོ་ཁག་གཅིག་སྒོ་ཝ་མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་གཞོན་ཟུར་པ་སྐུ་ཞབས་ Simon D’Souza ལགས་ཀྱི་སར་ངོ་བཅར་ཞུས་ཏེ། བོད་དོན་སྤྱི་དང་ལྷག་པར་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྐོར་ངོ་སྤྲོད་ཞུས་པར་ཁོང་གིས་བོད་དོན་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོད་སྐོར་ཞལ་བཞེས་གནང་བ་མ་ཟད། བོད་དོན་ཞུ་སྙན་སྟེང་མཚན་རྟགས་ཀྱང་བསྐྱོན་ཡོད། དེ་རྗེས་སྒོ་ཝ་མངའ་སྡེའི་རི་ལི་བློན་ཆེན་ཟུར་པ་སྐུ་ཞབས་ Jose Philip D’Souza ལགས་ཀྱི་སར་ངོ་བཅར་ཞུས་ཏེ། གོང་བཞིན་བོད་དོན་སྙན་སེང་ཞུས་པར་ཁོང་ནས་བོད་དོན་ལ་དུས་རྟག་ཏུ་རྒྱབ་སྐྱོར་ཡོད་སྐོར་གསུང་བཤད་གནང་བ་དང་ཆབས་ཅིག་བོད་དོན་ཞུ་སྙན་སྟེང་བློན་ཆེན་ཟུར་སྟེང་ཞལ་གཉིས་ནས་རྒྱབ་སྐྱོར་གྱི་མཚན་རྟགས་ཀྱང་བསྐྱོན་ཡོད། ད་དུང་སྐབས་དེར་བློན་ཆེན་ཟུར་པ་མཆོག་གི་སར་ངོ་བཅར་ཡོད་པའི་གནད་ཡོད་མི་སྣ་རྣམས་ནས་ཀྱང་བོད་དོན་ཞུ་སྙན་སྟེང་མཚན་རྟགས་ཀྱང་གནང་ཡོད།
ཟླ་ ༨ ཚེས་ ༢༥ ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་བདེན་པའི་མེ་ལྕེ་སྒོ་ཝ་མངའ་སྡེའི་ Mapusa མྥ་ས་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ Bahujan Hitay སློབ་ཕྲུག་སྡོད་ཁང་དུ་སྐོར་བསྐྱོད་བྱས་པ་དང་། སྐབས་དེར་མཛད་སྒོའི་ཐོག་མར་དཀོན་མཆོག་གསུམ་ལ་མཆོད་འབུལ་སྨོན་ལམ་དང་། སློབ་ཕྲུག་སྡོད་ཁང་གི་འགན་འཛིན་སྐུ་ཞབས་ Anil Ugrekar ལགས་ནས་དགའ་བསུའི་གསུང་བཤད་དང་། སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ངོ་སྤྲོད་དང་། སློབ་ཕྲུག་ཚོས་སྟོན་པ་བཅོམ་ལྡན་འདས་དང་། Baba Saheb Bim Rao Ambedkar རྣམ་གཉིས་ཀྱི་སློབ་སྟོན་རྣམས་སྙིང་བཅང་དགོས་པའི་ལམ་སྟོན་ཡང་གནང་ཡོད། དེ་རྗེས་བོད་དོན་ཆེད་ངག་བཅད་གུས་འདུད་སྐར་མ་གཉིས་ཞུས་ཏེ། མཛད་སྒོ་མཇུག་སྒྲིལ་དང་དགེ་ལས་སློབ་ཕྲུག་ཚོས་བོད་དོན་ཞུ་སྙན་སྟེང་མཚན་རྟགས་གནང་རྒྱུའི་ཞལ་བཞེས་ཀྱང་གནང་ཡོད།
ཟླ་ ༨ ཚེས་ ༢༥ ཕྱི་དྲོ་ཆུ་ཚོད་ ༤།༣༠ ཐོག་བདེན་པའི་མེ་ལྕེ་སྒོ་ཝ་མངའ་སྡེའི་རྒྱལ་ས་ Panaji སྤན་ཇི་ནང་སྐོར་བསྐྱོད་དང་ (TB Cunha Hall) ཚོགས་ཁང་ནང་བོད་དོན་ཚོགས་འདུ་ཚོགས་པ་དང་། ཚོགས་འདུའི་གཙོ་སྐྱོང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Dadu Mandrekar ལགས་ནས་ཚོགས་འདུའི་ངོ་སྤྲོད་གནང་སྐབས་ཁོང་གིས་བོད་དོན་ལ་རྒྱབ་སྐྱོར་གནང་དགོས་དོན་དང་། ལྷག་པར་བོད་ཀྱི་གནད་དོན་དེ་རྒྱ་གར་གྱི་བདེ་འཇགས་དང་འབྲེལ་བ་ཡོད་ལུགས་སོགས་གསུང་བཤད་གནང་མཚམས། སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་དབྱིན་སྐད་ཐོག་བོད་དོན་སྤྱི་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས། བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་བཅས་ཀྱི་ཐོག་གསུང་བཤད་གནང་། དེ་རྗེས་རྒྱ་གར་རང་བཙན་འཐབ་རྩོད་པ་སྐུ་ཞབས་ Nagesh Karmali ལགས་ཀྱིས་གསུང་བཤད་གནང་སྐབས་བོད་ནི་དུས་ནམ་ཡང་རྒྱ་ནག་གི་ཆ་ཤས་མིན་པ་མ་ཟད། རང་དབང་རང་བཙན་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། ཁོང་གིས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་སོོགས་ཀྱི་གསུང་བཤད་གནང་ཡོད། དེ་རྗེས་ Trailokya Bodh Mahasangh ཚོགས་པའི་སྐུ་ཚབ་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་བོད་དོན་ཚོགས་འདུ་རྒྱལ་ཁའི་ངང་གྲོལ་བ་དང་། སྐབས་དེར་ཚོགས་འདུར་ཕེབས་པའི་མང་ཚོགས་བརྒྱ་སྐོར་ཙམ་ཡོད་པ་རྣམས་ནས་བོད་དོན་ཞུ་སྙན་སྟེང་མཚན་རྟགས་ཀྱང་གནང་ཡོད་པ་རེད། ཚོགས་འདུའི་ཐོག་བོད་དོན་གནས་ཚུལ་མཁོ་སྒྲུབ་གནང་ཆེད་བརྒྱུད་ལམ་འདྲ་མིན་གྱི་གསར་འགོད་པ་མང་པོས་ལྷན་ཞུགས་གནང་ཡོད་པ་མ་ཟད། བརྒྱུད་ལམ་འདྲ་མིན་ནང་གནས་ཚུལ་ཡང་ཐོན་ཐུབ་པ་བྱུང་ཡོད། ཚོགས་འདུ་གྲུབ་མཚམས་རྒྱ་གར་ཡུལ་མི་མང་པོ་ Panaji གྲོང་ཁྱེར་ནང་ཡོད་པའི་རང་བཙན་ཐང་ཆེན་དུ་འདུ་འཛོམས་དང་འབྲེལ་བོད་དོན་ཞུ་སྙན་སྟེང་མཚན་རྟགས་གནང་། སྐབས་དེར་ད་དུང་གློག་བརྙན་འཁྲབ་སྟོན་པ་དང་སྤྱི་ཚོགས་ལས་འགུལ་ལྕམ་སྐུ་ Meenacshi Martins ལགས་ཆེད་ཕེབས་ཀྱིས་བོད་དོན་ཞུ་སྙན་སྟེང་མཚན་རྟགས་ཀྱང་གནང་སྟེ་བོད་མིའི་འཐབ་རྩོད་ལ་གདུང་སེམས་མཉམ་སྐྱེའི་རྣམ་པ་ཤུགས་ཆེ་བསྟན་ཡོད།
ཟླ་ ༨ ཚེས་ ༢༥ དགོང་དྲོ་ཆུ་ཚོད་ ༧།༣༠ ཐོག་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ནས་སྒོ་ཝ་མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Rajendra Arlekar མཆོག་མཇལ་འཕྲད་ཞུས་ཏེ། བོད་དོན་སྤྱི་དང་། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྣེ་ཁྲིད་པའི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ངོ་སྤྲོད་ཞུས་པར་ཚོགས་གཙོ་མཆོག་གིས་བོད་ཀྱི་འཐབ་རྩོད་ནི་བདེན་པའི་འཐབ་རྩོད་ཡིན་པ་དང་། བོད་མིར་བདེན་རྒྱབ་ཞུ་རྒྱུ་ནི་བཟང་སྤྱོད་ཀྱི་འགན་ཡིན་པ་སོགས་གསུངས་ཏེ། རྒྱལ་ཚོགས་སུ་འབུལ་ལམ་ཞུ་རྒྱུའི་བོད་དོན་ཞུ་སྙན་སྟེང་མཚན་རྟགས་གནང་སྟེ་བོད་མིར་གདུང་སེམས་མཉམ་སྐྱེའི་རྣམ་པ་ཤུགས་ཆེ་བསྟན་ཡོད།
ཟླ་ ༨ ཚེས་ ༢༣ སྟེ་བདེན་པའི་མེ་ལྕེ་སྒོ་ཝ་ Goa མངའ་སྡེའི་ནང་མ་འབྱོར་བའི་ཉིན་གཅིག་གོང་སྒོ་ཝ་མངའ་སྡེའི་རྒྱལ་ས་སྤན་ཇིར་ Panaji གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་བའི་ཐོག་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དང་། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སོགས་ངོ་སྤྲོད་གནང་བ་མ་ཟད། རྒྱལ་སྤྱིའི་དབུ་ཁྲིད་དང་མང་ཚོགས་ནས་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད། སྐབས་དེར་གསར་འགོད་པ་མང་པོས་ལྷན་ཞུགས་གནང་ཡོད་པ་མ་ཟད། ཕྱི་ཉིན་བརྒྱུད་ལམ་མང་པོའི་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྐོར་གནས་ཚུལ་རྒྱ་ཆེ་ཐོན་ཐུབ་བྱུང་ཡོད།
ཕྱི་ཚེས་ ༢༨ ཉིན་ཝ་སེ་ཀོ་བོད་མིའི་འཐུས་མི་གཉིས་སྒོ་ཝའི་གྲོང་ཁྱེར་ཝ་སེ་ཀོ་ནས་ཐོན་ཏེ། སྒོ་ཝ་ Goa དང་ཀར་ན་ཊ་ཀ་ Karnataka མངའ་སྡེ་གཉིས་ཀྱི་ས་མཚམས་ཀར་ཝར་ Karwar རྫོང་བར་བདེན་པའི་མེ་ལྕེ་གདན་ཞུ་དང་འབྲེལ་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་ལས་ཀྱི་སྣེ་མོ་བ་ཚོར་བརྒྱུད་སྤྲོད་ཞུ་རྒྱུ་ཡིན་འདུ་པ་བཅས།།