༢༠༡༢ ཟླ་ ༨ ཚེས་ ༡༤ རེས་གཟའ་མིག་དམར།
༅༅། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་དེ་མེ་སོར་གྲོང་ཁྱེར་ནང་སྐོར་སྐྱོད་ལེགས་པར་གྲུབ་སྟེ། མེ་སོར་ས་གནས་གཞོན་ལྷན་གྱི་རྒྱུན་ལས་བདུད་འདུལ་རྡོ་རྗེ་ལགས་དང་བསྟན་འཛིན་ཟླ་བ་ལགས་གཉིས་ཀྱི་ཕེབས་སྐྱེལ་འོག་ཕྱི་ཚེས་ ༡༢ སྔ་དྲོ་མེང་ལོར་(Mangalore)གྲོང་ཁྱེར་དུ་འབྱོར་བ་དང་། མེང་ལོར་ས་གནས་གཞོན་ནུའི་རྒྱུན་ལས་རྣམས་ལ་བདེན་པའི་མེ་ལྕེ་བརྒྱུད་སྤྲོད་གནང་འདུག
ཕྱེ་ཚེས་ ༡༢ སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་མེང་ལོར་ས་གནས་གཞོན་ལྷན་ནས་ས་གནས་ཀྱི་ཚོགས་མི་དང་བོད་པའི་སློབ་མའི་ཚོགས་འདུ་ཞིག་བསྡུ་སྐོང་དང་། སྐབས་དེར་ས་གནས་གཞོན་ལྷན་གྱི་ཚོགས་གཞོན་དང་དྲུང་ཆེ་གཅིག་ལྕོགས་རྣམ་རྒྱལ་སྒྲོལ་མ་ལགས་ཀྱིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་གྱི་རྒྱབ་ལྗོངས་དང་དགོས་འདུན་དམིགས་ཡུལ་སོགས་ངོ་སྤྲོད་གནང་རྗེས་ས་གནས་གཞོན་ནུའི་རྒྱུན་ལས་དང་བོད་རིགས་སློབ་ཕྲུག་རྒན་པ་ཚོར་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་བོད་དོན་ཞུ་སྙན་སྟེང་མཚན་རྟགས་ཞུ་རྒྱུའི་ལས་བགོས་གནང་འདུག
དེ་རྗེས་ས་གནས་གཞོན་ནུའི་རྒྱུན་ལས་ཀྱི་སྣེ་ཁྲིད་འོག་བོད་རིགས་སློབ་མའི་ཚོ་ཁག་གཅིག་ Dr. MV Shetty མཐོ་སློབ་ནང་བསྐྱོད་དེ་རྒྱ་གར་སློབ་ཕྲུག་ཚོར་ལས་འགུལ་ངོ་སྤྲོད་དང་བོད་དོན་མཚན་རྟགས་བསྡུ་རུབ་གནང་། དེ་བཞིན་ས་གནས་རྒྱུན་ལས་བསྟན་འཛིན་འཇིགས་མེད་ལགས་ཀྱི་སྣེ་འཁྲིད་འོག་སློབ་མའི་རུ་ཁག་གཞན་ཞིག་ Nitte མཐོ་སློབ་ཏུ་བསྐྱོད་དེ་གོང་བཞིན་ལས་འགུལ་སྤེལ་ཡོད། དེ་ཡང་ས་གནས་རྒྱུན་ལས་བསྟན་འཛིན་ཚོགས་གཉིས་ཀྱིས་མེང་ལོར་ནས་ས་ཐག་ཆུ་ཚོད་གཉིས་ཙམ་གྱི་སར་ཡོད་པའི་ Manipal མཐོ་སློབ་ནང་སློབ་སྦྱོང་བྱེད་བཞིན་པའི་བོད་པའི་སློབ་མ་ཚོར་གོང་བཞིན་ལས་འགུལ་སྤེལ་དགོས་པའི་བརྡ་ཁྱབ་བཏང་ཡོད་པ་མ་ཟད། ཁུལ་དེའི་ས་གནས་བརྒྱུད་ལམ་དང་སྦེལ་ཀོབ་ཏུ་ཡོད་པའི་བོད་མིའི་བརྒྱུད་ལམ་ཁག་ལ་མེང་ལོར་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྐོར་བརྒྱུད་བསྒྲགས་ཀྱང་གནང་འདུག
ཕྱི་ཚེས་ ༡༣ ཉིན་སློབ་མ་བསྟན་འཛིན་བུ་ཁྲིད་ལགས་དང་། བསྟན་འཛིན་ཕུར་བུ་ལགས། བསྟན་འཛིན་དབང་འབྱོར་ལགས། བསྟན་འཛིན་ཚོགས་གཉིས་ལགས་བཅས་ཀྱི་སྣེ་འཁྲིད་འོག་ Alvas ཨལ་ཝསེ་དང་། Saptagiri སབ་ཏ་གྷི་རི། Srinivas སི་རི་ནི་ཝསེ། St. Alouysious སེཎཊ ཨ་ལུ་སི་ཡེ་སེ། Sarosh ས་རོཤ་ མཐོ་སློབ་སོ་སོའི་ནང་རིམ་བཞིན་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་གནང་ཡོད།
ལས་རིམ་སྔོན་སྒྲིག་ལྟར་ཕྱི་ཚེས་ ༡༤ ཉིན་ས་གནས་རྒྱུན་ལས་རྣམས་ཀྱི་སྣེ་ཁྲིད་འོག་ཤེས་ཡོན་བསྟི་གནས་ལྷག་མ་ཁག་ཏུ་བདེན་པའི་མེ་ལྕེ་སྐོར་སྐྱོད་དང་བོད་དོན་ཞུ་སྙན་སྟེང་མཚན་རྟགས་བསྡུ་རུབ་གནང་རྒྱུ་ཡིན་པ་དང་། ཕྱི་དྲོ་ས་གནས་གཞོན་ནུའི་རྒྱུན་ལས་བསྟན་འཛིན་ཚོགས་གཉིས་ལགས་དང་། བསྟན་འཛིན་དབང་འབྱོར་ལགས་གཉིས་ཀྱིས་བདེན་པའི་མེ་ལྕེ་བྷེང་ལོར་གྲོང་ཁྱེར་དུ་སྐོར་སྐྱོད་གནང་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༡༥ ཉིན་རྒྱ་གར་རང་བཙན་ཐོབ་པའི་ཉིན་བྷེང་ལོར་ལྷོ་སྤྱི་ལས་ཁུངས་སུ་བརྒྱུད་སྤྲོད་གནང་རྒྱུ་ཡིན་འདུག་པ་བཅས། །
རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་མེང་ལོར་གྲོང་ཁྱེར་ནང་སྐོར་བསྐྱོད་གནང་བཞིན་པ།
གསར་གནས།
འབྲེལ་གནས།