༢༠༡༢ ཟླ་ ༨ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༨ ལྷག་དཀར་ཉིན་བྷེལ་ཇམ་ས་གནས་བོད་རིགས་ཚོགས་པ་དང། བྷེལ་ཇམ་ས་གནས་གཞོན་ནུ། ཆུ་བཞི་སྒང་དྲུག བོད་ཀྱི་རིག་གཞུང་བསྟི་གནས་ཁང། བོད་རྒྱ་མཛའ་འབྲེལ་ཚོགས་པ་བཅས་ཀྱིས་གོ་སྒྲིག་འོག་བྷེལ་ཇམ་ནང་གི་གྲོང་ཁྱེར་ཆེ་ཤོས་གཉིས་པ་ཨེནཊ་ཝར་པེན་(Antwerpen)ཞེས་པར་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལྷན་འཛོམས་ཐོག་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་དབུ་ཁྲིད་པའི་བཀའ་ཤག་སྐབས་བཅུ་བཞི་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་བོད་མིའི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་འགན་འཁུར་ཞུས་ཏེ་ལོ་གཅིག་ཧྲིལ་པོ་འཁོར་བའི་དུས་ཚིགས་ཁྱད་པར་ཅན་སྲུང་བརྩི་ཞུས་ཡོད།
དེ་ཡང་དེ་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥ ཐོག་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལྷན་འཛོམས་ཀྱིས་(Koninklijk Royal Museum of Fine Arts) ཞེས་པའི་འགྲེམས་སྟོན་ཁང་ནས་(Groenplaats) བར་གོམ་འགྲོས་གནང་ཡོད། དེ་རྗེས་ཆུ་ཚོད་ ༨ པའི་ཐོག་སྨོན་ལམ་གསུང་ཆེད་འདུ་འཛོམས་ཀྱི་ཐོག་མར་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་གདུང་སེམས་མཉམ་སྐྱེའི་ལས་འགུལ་སྤེལ་དགོས་དོན་སྐོར་ངོ་སྤྲོད་གནང་བ་དང་ཆབས་ཅིག་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་ནང་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་རྒྱལ་གཅེས་པ་རྣམས་ལ་རྒྱབ་སྐྱོར་ཡོང་ཆེད་རེ་འདུན་འདོན་རོགས་ཞེས་འབོད་སྐུལ་ཞུས་ཡོད། དེ་ནས་བྷེལ་ཇམ་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་འཕེལ་རྒྱལ་ལགས་དང་གཞོན་ནུའི་ཚོགས་གཙོས་ཀྱང་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་ཡོད། བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ཞི་རྒོལ་གནང་མཁན་རྒྱལ་གཅེས་པ་རྣམས་གཙོ་བོར་གྱུར་བའི་རྒྱལ་གཅེས་པ་ཕོ་མོ་འདས་གསོན་ཡོངས་ལ་མྱ་ངན་དང་གུས་འདུད་ཞུ་ཆེད་ངག་བཅད་སྐར་མ་གཅིག་ཞུས་ཡོད། དེ་བཞིན་བོད་ཀྱི་རིག་གཞུང་བསྟི་གནས་ཁང་གི་བོད་རིགས་སློབ་ཕྲུག་རྣམས་ཀྱིས་བོད་ཀྱི་རྒྱ་གཅེས་པ་འདས་གསོན་ཕོ་མོ་ཡོངས་ཀྱི་ཆེད་རྒྱལ་གཅེས་ཀྱི་གླུ་གཞས་བཏང་ཡོད་པ་མ་ཟད། གོམ་འགྲོས་སྐབས་བོད་ནང་གཅིག་རྗེས་གཉིས་མཐུད་རང་ལུས་མེར་སྲེག་གི་དོན་རྐྱེན་འབྱུང་བཞིན་པ་དང་རྒྱ་གཞུང་གིས་བོད་མིའི་ཐོག་འཛིན་བཞིན་པའི་དྲག་རྩུབ་ཅན་གྱི་སྲིད་བྱུས་སྐོར་གྱི་ཡིག་ཆ་ཡང་འགྲེམས་སྤེལ་གནང་ཡོད། ཕྱོགས་མཚུངས་དེ་ཉིན་ཨེམ་སི་ཊར་ཌམ་དང་བྷར་སི་ལོ་ནའི་བོད་རིགས་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་བས་གོ་སྒྲིག་ཐོག་ཁུལ་དེར་གནས་སྡོད་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་རྣམས་འདུ་འཛོམས་ཀྱིས་གོམ་འགྲོས་དང་སྨོན་ལམ་གསུང་འདོན་གནང་ཡོད་པ་བཅས།།