༢༠༡༢ ཟླ་ ༨ ཚེས་ ༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡ ཉིན་ས་རཱ་བོད་ཀྱི་མཐོ་སློབ་ཚོགས་ཁང་དུ་གནའ་དེང་བོད་ཀྱི་རིག་གནས་དང་མི་རབས་གསར་པའི་ཕུགས་བསམ་གླེང་བ་ཞེས་པའི་བརྗོད་གཞིའི་ཐོག་བོད་རིགས་མཐོ་རིམ་སློབ་མའི་བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་དྲུག་པ་དབུ་འཛུགས་གནང་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས། དབུས་གཞོན་ནུའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས། མཐོ་སློབ་ཁག་ནས་བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་གྱི་སློབ་མ་རྣམ་པ། ས་རཱ་མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་བཅས་ལྷན་འཛོམས་ཀྱི་ཐོག་མར་ཚང་མ་སྐུ་བཞེངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་གྲུབ་མཚམས་རྟེན་འབྲེལ་གྱི་གསོལ་ཇ་འབྲས་སིལ་ཕུལ།
དེ་ནས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དོན་གྲུབ་བཀྲིས་ལགས་ཀྱིས་བགྲོ་གླེང་གི་དམིགས་དོན་ངོ་སྤྲོད་གནང་རྗེས་ས་རཱ་མཐོ་སློབ་ཀྱི་སློབ་སྤྱིས་ད་ལྟའི་བོད་མི་རིགས་ཀྱི་དཀའ་ངལ་དེ་ངོས་འཛིན་ཐུབ་པའི་ཐོག་ནས་སེལ་ཐབས་འབད་བརྩོན་བྱེད་དགོས་སྐོར་དང་། མ་འོངས་ལོ་བཅུ་གྲངས་རྗེས་ང་ཚོ་བོད་པའི་སྤྱི་ཚོགས་གང་འདྲ་ཆགས་མིན་ནི་ད་ལྟའི་གཞོན་སྐྱེས་ཚོའི་བསམ་བློའི་འཁྱེར་སོ་དང་ཤེས་ཡོན་ལ་རག་ལུས་ཀྱི་ཡོད་པ་མ་ཟད།
འདས་པའི་སྐྱོན་ཆ་གང་བྱུང་བ་རྣམས་མ་འོངས་པར་མི་ཡོང་བའི་ཐད་བགྲོ་གླེང་ལྷུག་པོ་ཡོང་བའི་ལམ་སྟོན་གསུང་བཤད་གནང་། དེ་ནས་དབུས་གཞོན་ནུའི་ཚོགས་གཙོས་གསུང་བཤད་གནང་གྲུབ་བསྟུན་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདིར་ཕེབས་པའི་སྐུ་མགྲོན་རྣམ་པ་དང་སློབ་སྤྱིས་གཙོས་དགེ་ལས་སློབ་ཕྲུག་རྣམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་འཚམས་འདྲི་ཞུ་གི་ཡོད། ས་རཱ་མཐོ་སློབ་ཀྱི་དགེ་རྒན་རྣམ་པའི་ལམ་སྟོན་འོག་ལོ་རྟག་པར་རིག་གནས་སྐོར་ལ་བགྲོ་གླེང་ཚོགས་ཀྱི་ཡོད་པའི་བརྗོད་གཞི་གང་གི་བགྲོ་གླེང་གནང་བ་དེ་ཞིབ་ཚགས་པོའི་ཐོག་ནས་འགྲོ་རྒྱུ་དེ་གལ་པོ་ཡིན།
འདས་པའི་ལོ་ཤས་ནང་སྤྱི་འཐུས་ཚོགས་གཙོའི་ལས་འགན་འཁྱེར་བའི་ཐོག་ནས་༸གོང་ས་མཆོག་དང་ལྷན་བཅར་ཞུ་རྒྱུའི་གོ་སྐབས་དེ་འདྲ་བྱུང་ཡོད། ད་རེས་ཉེ་ཆར་དབྱིན་ཡུལ་ལ་བཅར་སྐབས་༸གོང་ས་མཆོག་གིས་དགོངས་གཞི་ཡོངས་རྫོགས་རྟོགས་རྒྱུ་ཁག་པོ་ཡིན། འོན་ཀྱང་ཐུགས་དགོངས་དང་རེ་བ་གང་ཙམ་ངེས་པ་རྙེད་ཀྱི་འདུག གཙོ་བོ་གཞོན་སྐྱེས་ཚོར་དམིགས་གནང་མཛད་དེ་དུས་རབས་ཉེར་གཅིག་པ་འདི་ལོ་བཅུ་གཉིས་ལས་ཕྱིན་མེད། དུས་རབས་འདི་ཞི་འཇམ་ཞིག་ཆགས་ཀྱི་ཡོད་མེད་དེ་མ་འོངས་པའི་འགན་འཁྱེར་མཁན་གཞོན་སྐྱེས་ཚོར་རག་ལུས་ཡོད། ཅེས་༸གོང་ས་མཆོག་གིས་ཕྱིའི་མི་རིགས་ཚོར་བཀའ་སློབ་ཕེབས་བཞིན་ཡོད་སྟབས། ང་ཚོ་བོད་རིགས་གཞོན་སྐྱེས་ཚོས་དེ་ལས་ལྷག་ཙམ་ཞུ་དགོས་པ་ནི་ཤོད་མི་དགོས་པ་རེད་བསམ་གྱི་འདུག དེང་སང་སློབ་གྲྭ་ཁག་ཏུ་བཟང་སྤྱོད་ཀྱི་ཤེས་ཡོན་ཐོག་ནས་འདང་གི་མེད་པར་བརྟེན། ༸གོང་ས་མཆོག་གི་དགོངས་གཞི་རླབས་ཆེན་ཡོད་པ་ལས་དེ་དག་ང་ཚོས་མ་སྙོབས་པའི་རྐྱེན་གྱིས་ལྷག་འགྲོ་རྒྱུའི་ཉེན་ཁ་འདུག ཅེས་སོགས་དང་།
ལྷག་པར་ཁོང་གིས་༸གོང་ས་མཆོག་གི་དགོངས་གཞི་སྒྲུབ་ཐབས་ལ་འབད་དགོས་སྐོར་དང་། དེ་བཞིན་འབར་མའི་ནང་མང་གཙོའི་ཕྱོགས་སུ་འགྱུར་བ་གང་ཙམ་འགྲོ་བཞིན་ཡོད་ཀྱང་། ཕྱི་སྡོད་འབར་མ་དང་རྒྱ་ནག་མང་གཙོ་དོན་གཉེར་བ་རྣམས་ནུས་པ་གཅིག་ཏུ་སྤུང་མ་ཐུབ་པ་བཞིན་སྔོན་དཔག་ཚུལ་ཞུས་ཏེ་༸གོང་ས་མཆོག་གིས་སྲིད་དབང་རྩིས་སྤྲོད་མཛད་རྗེས་སུའང་ང་ཚོའི་སྤྱི་ཚོགས་ཀྱི་འཐབ་རྩོད་ནུས་པ་མཉམ་སྤུང་གི་ཆིག་སྒྲིལ་ཐོག་སྐྱོད་དགོས་པ་གལ་ཆེ་ཡིན་སྐོར་ཡང་གསུང་བཤད་གནང་ཡོད། དེ་རྗེས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཞོན་བློ་གྲོས་རྒྱལ་མཚན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་དབུ་འཛུགས་མཛད་སྒོ་རྒྱལ་ཁའི་ངང་ནས་གྲོལ། ད་ཐེངས་མཐོ་རིམ་སློབ་མའི་བགྲོ་གླེང་ཐེངས་པ་དྲུག་པར་ཤེས་ཡོན་བསྟི་གནས་ཁག ༡༧ ཙམ་ནས་ཁྱོན་མི་གྲངས་ ༦༠ མཉམ་ཞུགས་ཀྱི་བརྗོད་གཞི་རྩོམ་རིག་དང་། སྙན་ངག ནང་ཆོས། ཚན་རིག ཆབ་སྲིད། གནའ་བོའི་རིག་གཞུང་། སྐད་ཡིག། སྐད་གསར་བཅད། གསོ་བ་རིག་པ། སེམས་ཁམས་རིག་པ། སློབ་གསོ། དཔལ་འབྱོར་ཚོང་འབྲེལ། བོད་ཀྱི་གར་གླུ་དང་ལྷ་སྐུའི་རིག་གནས། བོད་བཙན་པོའི་རྒྱལ་རབས། ཁོར་ཡུག བོད་ནང་རྒྱ་གཞུང་གི་ཤུགས་རྐྱེན་སོགས་ཀྱི་ཐད་བརྗོད་གཞི་དང་འབྲེལ་བའི་མི་སྣ་གདན་ཞུས་ཀྱིས་ཉིན་གྲངས་ ༤ རིང་བགྲོ་གླེང་ལྷུག་གླེང་གནང་རྒྱུ་ཡིན་འདུག་པ་བཅས། །