༢༠༡༢ ཟླ་ ༨ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༩ རེས་གཟའ་ལྷག་པའི་ཉིན་བཞུགས་སྒར་ཕོ་བྲང་དུ་རུའི་ཊར་ Reuters གསར་འགོད་པ་སྐུ་ཞབས་ཇོན་ཅལ་མར་སི་ John Chalmers དང་ཕེ་རེངྐ་ཇེཀ་ཌེ་ནིལ་ Frank Jack Daniel རྣམ་གཉིས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེད་དོན་གྱི་དྲི་བ་འབུལ་ལམ་ཞུས་ཡོད། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་བོད་ཀྱི་གནད་དོན་ཐོག་རྒྱ་ནག་གཞུང་གི་ལངས་ཕྱོགས་ལ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུའི་རྟགས་མཚན་གང་ཙམ་འཐོན་བཞིན་ཡོད་པར་བརྟེན། ཐུགས་རེ་ཆེན་པོ་མཛད་བཞིན་ཡོད་སྐོར་བཀའ་ལན་སྩལ་བ་མ་ཟད། པེ་ཅིང་གཞུང་ནས་དོན་དམ་གྱི་ལངས་ཕྱོགས་ལ་བསྒྱུར་བཅོས་བཏང་བ་ཡིན་ན་བཙན་བྱོལ་བོད་མིའི་འགོ་ཁྲིད་ཀྱིས་རྒྱ་ནག་གཞུང་དང་ལྷན་བསྐྱར་དུ་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་ཨང་གསར་ཡོད། ཅེས་བཀའ་ལན་སྩལ།
ཕྱོགས་མཚུངས་འབྱུང་འགྱུར་རྒྱ་ནག་གི་སྲིད་འཛིན་དུ་ཕལ་ཆེར་འདེམས་ཐོན་ཡོང་རྒྱུ་ཞི་ཅིང་ཕིང་ Xi Jinping གིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་རྒྱ་ནག་གཞུང་ནས་བོད་ཐོག་འཛིན་བཞིན་པའི་མཁྲེག་བཟུང་གྱི་སྲིད་བྱུས་ལ་འགྱུར་བ་གཏང་སྟེ་ལངས་ཕྱོགས་གསར་པ་ཞིག་འཛིན་རྒྱུ་རེད་ཅེས་བརྗོད་རྒྱུ་ད་ལྟ་སྔ་དྲགས་པ་རེད། ངོས་ཀྱིས་མཐའ་གཅིག་ཏུ་བརྗོད་མི་ཐུབ་ཀྱང་ངོས་ལ་རྒྱ་རིགས་ཆོས་གྲོགས་མང་པོ་ཞིག་གིས་འབྱུང་འགྱུར་རྒྱ་ནག་གཞུང་གི་སྲིད་འཛིན་ཁོང་ཕྲན་བུ་གཞི་འཇམ་པ་ཡོད་སྐོར་བརྗོད་ཀྱི་འདུག རྡ་སར་རྒྱ་ནག་སྐམ་ས་ནས་མཇལ་ཁ་ཞུ་མཁན་མང་པོ་ཞིག་ཡོང་བཞིན་ཡོད་པའི་ཁོངས་ནས་འགའ་ཤས་ཀྱིས་རྒྱ་ནག་གུང་ཁྲན་གྱི་འགོ་ཁྲིད་མཐོ་གྲས་དང་འབྲེལ་བ་ཡོད་ཚུལ་བརྗོད་མཁན་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་ལས་དོན་ཚང་མ་རྒྱལ་ཁབ་ཀྱི་བེད་འཇགས་ལ་ཁག་དཀྲི་བྱེད་བཞིན་པར་བརྟེན་འགོ་ཁྲིད་སུ་དང་འབྲེལ་བ་ཡོད་མེད་ང་ཚོས་བརྗོད་པར་དཀའ། འོན་ཀྱང་རྒྱ་རིགས་ཤེས་ཡོན་མི་སྣ་ཚོས་བོད་ཐོག་འཛིན་བཞིན་པའི་རྒྱ་ནག་གཞུང་གི་ལངས་ཕྱོགས་དེར་འགྱུར་བ་གཏང་སྟེ་ལངས་ཕྱོགས་གསར་པ་ཞིག་འཛིན་དགོས་པའི་བསམ་ཚུལ་འདོན་བཞིན་པ་དེར་རྒྱ་ནག་གཞུང་གི་ལས་བྱེད་པ་ཁག་གཅིག་གིས་མོས་མཐུན་བྱེད་བཞིན་ཡོད། གནས་ཚུལ་དེ་དག་མཐོང་སྐབས་ང་ཚོར་བློ་སྤོབས་ཧ་ཅང་ཡོང་བཞིན་འདུག ཅེས་བཀའ་ལན་སྩལ།
ཡང་གསར་འགོད་པས་བོད་མིས་རང་ལུས་མེར་སྲེག་བཏང་བའི་གནད་དོན་ཐོག་གི་དྲི་བར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། ངོས་ཀྱིས་བོད་མི་ཚོར་འུ་ཐུག་ཐབས་ཟད་པའི་ལས་འགུལ་དེ་རིགས་སྤེལ་རྒྱུར་བརྒྱུད་སྐུལ་གང་ཡང་བྱེད་ཀྱི་མེད། འོན་ཀྱང་ཁོང་ཚོར་དཀའ་ངལ་ཇི་འདྲ་ཞིག་ཡོད་པ་ང་ཚོས་བསམ་ཤེས་ཐུབ་པ་ཞིག་རེད། གནས་ཚུལ་དེ་རིགས་ནི་ཧ་ཅང་བློ་ཕམ་སྐྱེ་གཞི་ཞིག་ཡིན། དེར་བརྟེན་རྒྱ་ནག་གཞུང་གིས་བོད་མིས་རང་ལུས་མེར་སྲེག་གཏོང་དགོས་ཐུག་པའི་རྒྱུ་རྐྱེན་གཙོ་བོ་ག་པར་ཐུག་ཡོད་མེད་རྩད་གཅོད་བྱེད་དགོས། རྒྱ་ནག་གཞུང་གིས་ལས་སླ་པོའི་ཐོག་ནས་ངོས་དང་བོད་མི་ཉུང་ཤས་ཤིག་ལ་འགན་ཁག་དཀྲི་ཐུབ་ཀྱང་དེས་བོད་མིའི་དངོས་ཡོད་དཀའ་ངལ་སེལ་མི་ཐུབ། ཅེས་བཀའ་ལན་སྩལ།
རྒྱ་ནག་གཞུང་གིས་འགོ་ཁྲིད་འཕོ་འགྱུར་འགྲོ་རྒྱུའི་དུས་ཚོད་བསླེབ་ལ་ཉེ་སྟབས། རིང་མིན་གྲོས་མོལ་བསྐྱར་གསོ་ཡོང་རྒྱུའི་ཐུགས་རེ་མཛད་བཞིན་ཡོད་མེད་ཀྱི་དྲི་བར་བཀའ་ལན་སྩལ་དོན། དེ་ནི་བརྗོད་དཀའ། རྒྱ་ནག་གི་སྲིད་འཛིན་གསར་པ་བསྐོ་གཞག་བྱུང་སྟེ་ཟླ་བ་དྲུག་ནས་བཅུ་གཉིས་ཙམ་སོང་རྗེས་གཞི་ནས་ལངས་ཕྱོགས་ལ་འགྱུར་བ་སོང་མིན་རྟོགས་ཐུབ་པ་ལས་དེའི་བར་དུ་ཤོད་ཐུབ་རྒྱུ་ཁག་པོ་རེད། རྒྱ་ནག་གཞུང་གིས་འདས་པའི་ལོ་དྲུག་ཅུའི་རིང་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱས་པ་དེ་ནོར་འཁྲུལ་ཡིན་པ་ཤེས་རྟོགས་ཡོང་ངེས་རེད། གཙོ་འཛིན་མའོ་ཀྲུ་ཞིས་དབང་ཆ་མེ་མདའི་ཁ་ནས་ཐོན། ཞེས་པའི་སྲིད་བྱུས་དེ་ད་ཆ་དུས་ཚོད་ཡོལ་ཟིན། ཞེས་སོགས་ཀྱི་བཀའ་ལན་སྩལ་ཡོད་པ་བཅས།།