༢༠༡༢ ཟླ་ ༧ ཚེས་ ༡༦ རེས་གཟའ་མིག་དམར།
༄༅། །འདི་གར་ཕྱི་དྲིལ་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་བཟང་མཁས་གྲུབ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤི་རི་ན་གར་རྟེན་གཞི་བྱས་པའི་ཧིན་དུ་དང་ཁ་ཆེ། དེ་བཞིན་སིཀ་ལྷ་ཁང་བཅས་རིས་མེད་ལྷ་ཁང་ཁག་ལ་གནས་གཟིགས་དང་གསོལ་འདེབས་སྨོན་ལམ་མཛད་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་མངའ་སྡེ་འདིའི་ཡུལ་སྐོར་བློན་ཆེན་ངག་དབང་རིག་འཛིན་མཆོག་ལྷན་བཅར་གྱི་ཐོག་མར་ཤིབ་མན་དིར་ཞེས་པའི་ཧིན་དུའི་ལྷ་ཁང་ལ་གནས་གཟིགས་སུ་ཆིབས་སྒྱུར་བསྐྱངས་ཏེ་ལྷ་ཁང་དེའི་མགོན་བདག་དང་ལྷན་གནས་གཟིགས་དང་གསོལ་འདེབས་སྨོན་ལམ་མཛད་ཡོད།
དེ་རྗེས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཨོ་མར་ཨབ་ཏུ་ལ་མཆོག་གི་མེས་པོའི་མང་སོར་ཆིབས་སྒྱུར་བསྐྱངས་ཏེ་དེར་ཐུགས་སྨོན་རྒྱ་ཆེ་མཛད། དེ་དག་གྲུབ་རྗེས་ཧ་ཛ་ར་ཊི་བལ་ས་ཁུལ་དུ་ཡོད་པའི་ཁ་ཆེའི་ལྷ་ཁང་ཌར་གྷར་ (Hazratbal Dargah) ཞེས་པའི་ལྷ་ཁང་དེར་ཆིབས་སྒྱུར་བསྐྱངས་ཏེ་གནས་གཟིགས་དང་སྨོན་ལམ་གསུང་འདོན་མཛད་ཡོད། ཁ་ཆེའི་ལྷ་ཁང་དེར་ཁ་ཆེ་བའི་རྩ་ཆེའི་བྱིན་རླབས་ལྡན་པའི་དངོས་པོ་གསུམ་ཡོད་སྐོར་བཀོད་འདུག་པ་ནི་ཆོས་དཔོན་པོ་རོ་ཕི་ཊ་ (Prophet) མཆོག་གི་དབུ་སྐྲ་དང་། ཧ་ཛ་ཊ་ཨ་ལི་ (Hazart Ali) མཆོག་གི་རྩ་ཆེའི་དབུ་སྐྲ་དང་རྟ་སྒ་བཅས་གསུམ་ལྷ་ཁང་དེར་བཞུགས་སུ་གསོལ་ཡོད་འདུག ༸གོང་ས་མཆོག་གིས་ཁ་ཆེའི་ལྷ་ཁང་དེར་གསོལ་འདེབས་སྨོན་ལམ་གསུང་འདོན་གྲུབ་རྗེས་སིཀ་ལྷ་ཁང་དུ་ཆིབས་སྒྱུར་བསྐྱངས།
གུ་རུ་ཌ་ཝ་ར་གུ་རུ་ཁར་གོ་བན་ཊི་ས་ཧིབ་ཇིའི་སིཀ་ལྷ་ཁང་ (Sri Guru Cargobint Sahib ji) དེར་༸ཞབས་སོར་འཁོད་མ་ཐག་ལྷ་ཁང་དེའི་ལས་བྱེད་ཚོས་ཕེབས་བསུ་གཟབ་རྒྱས་དང་སྦྲགས་ལྷ་ཁང་དེའི་ནང་གདན་ཞུས་ཀྱིས་གནས་གཟིགས་གྲུབ་རྗེས་ལྷ་ཁང་དེའི་ལས་བྱེད་ཀྱིས་༸གོང་ས་མཆོག་ལ་ཕེབས་བསུའི་གསུང་བཤད་མདོར་བསྡུས་སྙན་སྒྲོན་ཞུས་རྗེས་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན། ངོས་རང་དེ་རིང་འདིར་སླེབས་པ་འདི་ནི་གཟི་བརྗིད་དང་དགའ་སྤྲོ་ལྡན་པ་ཞིག་བྱུང་ལ་ཁྱེད་རྣམ་པས་ཕེབས་བསུ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་ཀྱིས་ཡང་སེ་ཨམ་རི་སའི་གསེར་གྱི་ལྷ་ཁང་མཇལ་གྱི་ཡོད། ངོས་ཀྱིས་ག་དུས་ཡིན་ཡང་ཁྱེད་རྣམ་པའི་ཞལ་འདོན་གྱི་འདོན་པ་བཏོན་པའི་སྒྲ་དབྱངས་ཐོས་སྐབས་དགའ་ཚོར་སྐྱེ་བཞིན་འདུག ངོས་ཀྱིས་སེམས་ནང་སིཀ་གི་སྤྱི་ཚོགས་ལ་ག་དུས་ཡིན་ཡང་བསྔགས་བརྗོད་བྱེད་བཞིན་ཡོད། པན་ཇབ་མངའ་སྡེར་ཆ་བཞག་ན་ཧ་ཅང་ཕྱུག་པོ་ཡིན། གང་ལ་ཞེ་ན་སིཀ་གཅེན་གཅུང་རྣམས་ནི་ལས་དོན་ལ་ཧ་ཅང་འབད་བརྩོན་ཅན་ཞིག་ཡིན།
དེ་བཞིན་ཁོང་རྣམས་ནི་ཆོས་ལུགས་རིས་མེད་ཐོག་ལ་སེམས་ཚོར་ཆེན་པོ་ཡོད་མཁན་ཞིག་ཀྱང་ཡིན། གུ་རུ་ན་ནཀ་མཆོག་མེཀ་ཁར་གནས་གཟིགས་ལ་ཕེབས་མྱོང་ཡོད། དེ་ལྟ་བུར་ཆོས་ལུགས་རིས་མེད་ཀྱི་གནའ་བོའི་རྒྱ་གར་གྱི་སྲོལ་རྒྱུན་དང་སིཀ་གི་ཆོས་ལུགས་དེ་ནི་ཆོས་ལུགས་རིས་མེད་ཀྱི་དེང་རབས་ཅན་དང་ཧ་ཅང་འཚམ་པའི་སྲོལ་རྒྱུན་ཞིག་ཀྱང་ཆགས་ཡོད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་ཟབ་མོ་ཕེབས་རྗེས་ཐེངས་འདིའི་སི་རི་ན་ག་ཁུལ་གྱི་མཛད་འཕྲིན་ཁག་ཡོངས་སུ་ལེགས་པར་གྲུབ་སྟེ་བཞུགས་གནས་མགྲོན་ཁང་དུ་ཆིབས་ཞལ་བསྒྱུར་ཡོད་པ་བཅས།།