༢༠༡༢ ཟླ་ ༧ ཚེས་ ༧ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༦ ཉིན་རང་ཅག་གངས་ཅན་པ་ཡོངས་ཀྱི་མགོན་སྐྱབས་དཔུང་གཉེན་བླ་ན་མ་མཆིས་པ་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་བཞུགས་སྒར་དུ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང་ལས་ཁུངས་ཁག་གི་དྲུང་ཆེ་རྣམ་པ། དེ་བཞིན་སྲི་ཞུ་བ་ཆེ་ཕྲ་དང་། ཆོས་སྡེ་ཁག་གི་དགེ་འདུན་པ། སེར་སྐྱ་མི་མང་སོགས་ནས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་བཞུགས་སྒར་ལྷ་རྒྱལ་རིར་དབང་པོའི་གཞུ་རིས་ལ་འགྲན་པའི་དར་ལྡིང་བརྒྱ་ཕྲག་བརྒལ་བ་བར་སྣང་དུ་དཔྱངས་ཏེ། མགོན་པོ་གང་ཉིད་མཆོག་གི་སྐུ་ཁམས་དང་མཐུན་པའི་སྐུ་རླུང་དར་འཛུགས་གནང་ཡོད།
དེ་བཞིན་རྣམ་གྲྭ་དགེ་འདུན་བཞི་གྲས་ཁྲོ་བོ་ཁམས་གསུམ་དབང་བསྡུས་དང༌། བསྟན་སྲུང་དམར་ནག་གཉིས་ཀྱི་སྤྱན་སྔར་རྒྱགས་རྔན་ལྷ་བསངས་ཀྱིས་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་མཐུ་བོ་ཆེ་རྣམས་ཀྱི་དབུ་འཕང་དགུང་དུ་འདེགས་ཆེད་བསངས་མཆོད་ཟབ་རྒྱས་དང་ལྷན་ཞལ་འདོན་གསུང་འདོན་སྐབས་མང་ཚོགས་རྣམས་མཉམ་ཞུགས་ཀྱིས་བསྟན་སྲུང་རྣམས་ལ་གཏང་རག་ཕུལ་ཏེ་༸གོང་ས་མཆོག་གི་ཐུགས་བཞེད་ལྷུན་འགྲུབ་དང་།
བོད་རང་དབང་གི་བདེན་མཐའ་མྱུར་དུ་གསལ་བའི་འཕྲིན་བཅོལ་གསོལ་འདེབས་གནད་སྨིན་གནང་མཐར་ལྷ་རྒྱལ་ཀི་བསྭོ་ལན་གསུམ་འབྲུག་སྒྲ་ལྟར་བསྒྲགས་ཏེ་དཀར་ཕྱོགས་སྐྱོང་བའི་སྲུང་མའི་དབུ་འཕང་དགུང་དུ་བཏེགས།
མཛད་སྒོ་དངོས་གཞི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་གཙུག་ལག་ཁང་གི་གསུང་རྭའི་དབུ་གཡབ་ཏུ་སྤྱི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་བཟོ་ལས་བློན་ཆེན་སྐུ་ཞབས་ཀི་ཤན་ཀ་པུར་ (Kishan Kapur) མཆོག རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག ཀང་ར་རྫོང་གི་རྫོང་དཔོན་སྐུ་ཞབས་སན་ཇེ་གུཔ་ཏ་ (Sanjay Gupta) མཆོག
མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། བོད་མི་མང་སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་རྣམ་པ། གཞན་ཡང་སྐུ་མགྲོན་རྣམས་བཞུགས་གྲལ་དུ་འཁོད་མཚམས་བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་བཞིན་པར་བཀའ་ཁྲི་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་སྐབས་ཚང་མ་སྐུ་བཞེངས་ཀྱིས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་།
དེ་རྗེས་དཔལ་ལྡན་ཁྲིམས་པ་ཞིབ་པ་ཆེ་བ་མཆོག་དང་བཀའ་བློན་ཁྲི་པ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་བཅས་ནས་མགོན་པོ་གང་ཉིད་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་ཆབས་ཅིག་བོད་ཀྱི་ཟློས་གར་ཚོགས་པས་དྲུག་ཅུའི་དབྱངས་ལྡན་གྱི་མཉམ་གཞས་གཟིགས་འབུལ་ཞུས་རྗེས་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་༸གོང་ས་མཆོག་ལ་སྐུའི་འཁྲུངས་སྐར་གྱི་འཚམས་ཞུའི་མེ་ཏོག་འབུལ་ལམ་ཞུས་གྲུབ་མཚམས་ཞབས་ལོ་ ༢༥ འཁོར་བའི་སྲི་ཞུའི་ལས་བྱེད་གསུམ་ལ་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ལེགས་སྐྱེས་གནང་རྒྱུར་འདེམས་ལྷན་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས་ཀྱིས་ཁོང་རྣམ་པའི་ལོ་རྒྱུས་སྙན་སྒྲོན་ཞུས་གྲུབ་མཚམས་བཀའ་ཁྲི་མཆོག་གིས་ལེགས་སྐྱེས་གནང་།
དེ་ནས་བཀའ་ཁྲི་མཆོག་གིས་བཀའ་ཤག་གི་གསུང་བཤད་དང། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྱི་འཐུས་ཀྱི་གསུང་བཤད་གནང་། དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་ཡོད། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ། དེ་རྗེས་བོད་ཀྱི་ཟློས་གར་ཚོགས་པས་གཙོས་རྡ་སའི་ཉེ་འཁྲིས་སུ་གནས་པའི་སློབ་གྲྭ་སོགས་ཀྱིས་གཞས་སྣ་ཁག་ ༡༡ ཙམ་ཞིག་ཁྱོན་རྒྱ་ཆེའི་མི་མང་ ༥༠༠༠ བརྒལ་བ་འདུ་འཛོམས་བྱུང་བ་རྣམས་ལ་འཁྲབ་སྟོན་གནང་སྟེ་སྐུའི་འཁྲུངས་སྐར་དུས་ཆེན་དགའ་སྤྲོའི་རྣམ་པའི་ཁྲོད་དུ་གྲོལ།
དེ་ཉིན་ཕྱི་དྲོ་ཆུ་ཚོད་ ༦།༣༠ ཐོག་བོད་ཀྱི་ཟློས་གར་ཚོགས་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་དང་བསྟུན་སྐུ་མགྲོན་གཙོ་བོ་ཀང་ར་སྤྱི་ཁྱབ་རྫོང་དཔོན་སྐུ་ཞབས་སན་ཇེའི་གུབ་ཏ་མཆོག་གིས་དབུས་རྒྱ་གར་ས་གནས་གྲོང་སྡེ་ལས་ཁུངས་ཀྱི་ལས་བྱེད་དང་རྒྱ་གར་ཡུལ་མི་རྒན་རབས་སོགས་མི་གྲངས་ ༢༠༠ བརྒལ་བ་དང་སྲི་ཞུ་བ་དྲུང་གཞོན་ཡན་བཅས་ཁྱོན་བསྡོམས་ ༤༠༠ བརྒལ་བ་ལྷན་འཛོམས་ཐོག་བཀའ་ཁྲི་མཆོག་གིས་སྐུ་མགྲོན་རྣམས་ལ་དགའ་བསུའི་གསུང་བཤད་རྗེས་བཀའ་ཁྲི་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག ཀང་རའི་སྤྱི་ཁྱབ་རྫོང་དཔོན་མཆོག་བཅས་ཀྱིས་དཔེ་དེབ་ཁག་གཅིག་དབུ་འབྱེད་གནང་སྒྲུབ་བསྟུན་ཀང་རའི་སྤྱི་ཁྱབ་རྫོང་དཔོན་མཆོག་གིས་གསུང་བཤད་གནང་ཡོད། དེ་རྗེས་བོད་ཀྱི་ཟློས་གར་ཚོགས་པ་ནས་བོད་ཀྱི་ཐུན་མིན་རིག་གཞུང་འཁྲབ་སྟོན་དང་། དེ་བཞིན་རྒྱ་གར་ཡུལ་གྱི་གཞས་སྣ་འཁྲབ་སྟོན་ཞུས་རྗེས་འཁྲུངས་དུས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ངོ་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་རྗེས་སྐུ་མགྲོན་རྣམས་ལ་གཞུང་འབྲེལ་གྱི་གསོལ་སྟོན་རྒྱས་འབུལ་ཞུས་ཡོད།
ཐེངས་འདིའི་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ལ་གསོལ་རས་སྩལ་རྗེས་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ་ཐེངས་དང་པོ་ཆགས་ཡོད་པ་བཅས། །