༢༠༡༢ ཟླ་ ༧ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །འདི་གར་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༠ སྤྱི་འཐུས་རོང་པོ་དགེ་བཤེས་བློ་བཟང་སྙན་གྲགས་ལགས་ཀྱིས་གནང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ ༧ ཚེས་ ༦ ཉིན་སེར་བྱེས་བྱ་བྲལ་ཁང་ཚན་གྱི་ཆོས་རའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༧༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་འདུག
དེ་ཉིན་སྔ་དྲོ་ཆུ་ཚོད་ ༦།༣༠ ཐོག་ཁང་རྒན་གཙོས་བླ་སྤྲུལ་དགེ་བཤེས་རྣམས་ཀྱིས་༸གོང་ས་༸མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཚོགས་མགོན་དུ་གདན་འདྲེན་ཞུས་ཏེ་བཞུགས་ཁྲིར་འཁོད་རྗེས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས་དགེ་འདུན་འདུས་མང་ཡོངས་ལ་རྟེན་འབྲེལ་འབྲས་སིལ་དང་གསོལ་ཇ་ཕུལ། དེ་ནས་ཁང་རྒན་མཆོག་གིས་༸གོང་ས་མཆོག་གི་མཛད་རྣམ་སྙིང་བསྡུས་ཡིག་ཐོག་ནས་སྒྲོགས་སྦྱང་གནང་རྗེས་དབུ་མཛད་ཆེན་མོ་ལགས་ཀྱིས་དབུ་བསྐུལ་དང་འབྲེལ་རྒྱལ་བའི་ཞབས་བརྟན་དང་། བདེན་ཚིག་སྨོན་ལམ། ཆོས་སྐྱོང་ཁག་གི་བསངས་གསོལ། འཕྲིན་བཅོལ་བཅས་གསུངས།
དགོང་དྲོ་ཆུ་ཚོད་ ༦།༣༠ ཐོག་དགེ་འདུན་འདུས་མང་ཡོངས་ཚོགས་ཞུགས་གྲུབ་མཚམས། ཁང་རྒན་གཙོས་བླ་སྤྲུལ་དགེ་བཤེས་རྣམས་ཀྱིས་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཚོགས་མགོན་དུ་གདན་འདྲེན་ཞུས་ཏེ་བཞུགས་ཁྲིར་འཁོད་པ་དང་ཁང་རྒན་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། དེ་ནས་ཁང་རྒན་མཆོག་གིས་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་བྱེད་དགོས་པའི་རྒྱུ་མཚན་དང་། བགྲོ་གླེང་སྐབས་ཀྱི་སྒྲིག་གཞི་དང་འབྲེལ་བའི་གསུང་བཤད་གནང་། དེ་བཞིན་བགྲོ་གླེང་གཙོ་སྐྱོང་བ་ལྷ་རམས་པ་རྒན་བསམ་འཕེལ་དོན་གྲུབ་ལགས་ཀྱིས་བགྲོ་གླེང་བྱེད་ཕྱོགས་ངོ་སྤྲོད་དང་འབྲེལ་བགྲོ་གླེང་བ་དབུ་གསར་གོང་མའི་འཐུས་ཚབ་ཀྱིས་༸གོང་ས་མཆོག་གི་ཞལ་སྔ་ནས་༼ང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་བྱ་རྒྱུ་དེ་ངའི་ལས་འགན་ཡིན༽ཞེས་པའི་བརྗོད་གཞིའི་ཐོག་དུས་ཡུན་སྐར་མ་ ༡༥ ནས ༢༠ བར་རྩོམ་ཤོག་སྒྲོགས་སྦྱང་དང་། སྐར་མ་ ༣༠ རིང་བརྗོད་གཞི་དེའི་སྐོར་ལ་དྲི་བ་དྲིས་ལན་གནང་། དེ་རྗེས་དབུ་རྙིང་གོང་མའི་འཐུས་ཚབ་ཀྱིས་༸གོང་ས་མཆོག་གི་ཞལ་སྔ་ནས་༼ང་ཆོས་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ཕན་ཚུན་དབར་གྱི་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ་དེ་ངའི་ལས་འགན་ཡིན༽ཞེས་པའི་བརྗོད་གཞི་ཐོག་དུས་ཡུན་སྐར་མ་ ༡༥ ནས་ ༢༠ བར་རྩོམ་ཤོག་སྒྲོགས་སྦྱང་དང་། སྐར་མ་ ༣༠ རིང་བརྗོད་གཞི་དེའི་སྐོར་ལ་དྲི་བ་དྲིས་ལན་གནང་།
དེ་བཞིན་བགྲོ་གླེང་གཙོ་སྐྱོང་བ་ལྷ་རམས་པ་རྒན་བཀྲ་ཤིས་བཟང་པོ་ལགས་ཀྱིས་བགྲོ་གླེང་བྱེད་ཕྱོགས་ངོ་སྤྲོད་དང་འབྲེལ་དབུ་རྙིང་འོག་མའི་འཐུས་ཚབ་ཀྱིས་བརྗོད་གཞི་༸གོང་ས་མཆོག་གི་ཞལ་སྔ་ནས་༼ང་བོད་པ་ཞིག་ཡིན་པ་དང་། ཏཱ་ལའི་བླ་མའི་མཚན་གནས་ཤིག་ཡོད་པ་དང་བོད་མི་གཞིས་བྱེས་ཡོངས་ཀྱིས་ཡིད་ཆེས་བློ་གཏད་ཆེན་པོ་བྱེད་ཀྱིན་ཡོད་པའི་ཆ་ནས་ངས་བོད་མི་རིགས་ཀྱི་རང་དབང་གི་མགྲིན་ཚབ་པ་ཞིག་བྱེད་རྒྱུ་དེ་ངའི་ལས་འགན་ཡིན༽ཞེས་པའི་བརྗོད་གཞིའི་ཐོག་དུས་ཡུན་སྐར་༡༥ ནས ༢༠ བར་རྩོམ་ཤོག་སྒྲོགས་སྦྱང་དང་། སྐར་མ་ ༣༠ རིང་བརྗོད་གཞི་དེའི་སྐོར་ལ་དྲི་བ་དྲིས་ལན་གནང་།
ཡང་དབུ་གསར་འོག་མའི་འཐུས་ཚབ་ཀྱིས་༼༸གོང་ས་མཆོག་གིས་དུས་ནས་དུས་སུ་བོད་མི་མང་ལ་བཀའ་སློབ་ལམ་སྟོན་སྩལ་བ་ཁག་ལག་ལེན་དུ་བསྟར་མ་ཐུབ་པ་གང་ཡོད་དང་། དེ་ལྟར་མ་ཐུབ་པས་བོད་མི་རིགས་ལ་གྱོང་གུད་གང་ཞིག་ཡོད་༽ཅེས་པའི་བརྗོད་གཞིའི་ཐོག་དུས་ཡུན་སྐར་མ་༡༥ ནས་ ༢༠ བར་རྩོམ་ཤོག་སྒྲོགས་སྦྱང་དང་། སྐར་མ་ ༣༠ རིང་བརྗོད་གཞི་དེའི་སྐོར་ལ་དྲི་བ་དྲིས་ལན་གནང་།
མཐའ་མཇུག་སྤྱི་རྒན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་དང་འབྲེལ་བའི་གསུང་བཤད་གནང་བ་བཅས་བགྲོ་གླེང་རྒྱལ་ཁའི་ངང་གྲོལ་ཡོད།
བགྲོ་གླེང་གི་དུས་ཡུན་ནི་སྔ་དྲོའི་ཆུ་ཚོད་ ༦ པ་ནས་ ༧།༣༠ བར་དང་དགོང་དྲོ་ཆུ་ཚོད་ ༦།༣༠ ནས་ ༡༡ དང་སྐར་མ་ ༡༥ བར་གནང་འདུག
དེ་ཡང་བྱ་བྲལ་ཁང་ཚན་གྱི་ངོས་ནས་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩིའི་ལས་རིམ་ཞིག་ཕྱི་ལོ་༢༠༡༡ ལོ་ནས་འགོ་འཛུགས་ཀྱིས་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་དང་། མགོན་པོ་གང་ཉིད་མཆོག་གི་ཡང་དག་པའི་དགོངས་གཞི་སོགས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན་གྱི་སྒོ་ནས་འཁྲུངས་སྐར་སྲུང་བརྩི་བྱེད་པའི་དམིགས་བསལ་ལས་རིམ་ཞིག་ལག་ལེན་དུ་བསྟར་ཡོད། འཁྲུངས་སྐར་འདི་ལྟར་སྲུང་བརྩི་བྱེད་དགོས་པའི་རྒྱུ་མཚན་དང་དགོས་པ་གཙོ་བོ་ནི། ༸གོང་ས་མཆོག་གི་ཡང་དག་པའི་མཛད་རྗེས་རྗེས་དྲན་དང་། དེ་ཡང་བགྲོ་གླེང་སྦྱང་བཤད་ཀྱི་ཐོག་ནས་མགོན་པོ་གང་ཉིད་མཆོག་གི་བཀའ་དྲིན་དང་། དགོངས་གཞི་རླབས་པོ་ཆེ་དེ་དག་སྤྱི་བམ་ཙམ་མ་ཡིན་པར་ཤེས་ནས་དད་པ་ཐོབ་པ་ཞིག་དང་། མི་རེ་ངོ་རེས་༸གོང་ས་མཆོག་གི་དགོངས་གཞི་ཤེས་རྟོགས་དང་། བཀའ་སློབ་ལམ་སྟོན་དེ་དག་རང་གིས་ཉམས་ལེན་བྱ་རྒྱུའི་ཆ་རྐྱེན་ཞིག་ཏུ་འགྱུར་ཆེད་དུ་ཡིན་འདུག་པ་བཅས། །