༢༠༡༢ ཟླ་ ༧ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༧ ཉིན་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༧༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དགའ་སྟོན་གྱི་གཞུང་འབྲེལ་གསོལ་སྟོན་ཞིག་དོན་གཅོད་ཁང་གི་མདུན་དུ་རང་ལུགས་ཀྱི་རྣམ་པ་ལྡན་པའི་ཐོག་ནས་གོ་སྒྲིག་ཞུས་འདུག དེ་ཡང་མཛད་སྒོའི་ཐོག་མར་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཆོག་གདན་ཞུས་ཀྱིས་བཞུགས་ཁྲིར་འཁོད་བསྟུན། ལམ་རིམ་ཆོས་ཚོགས་ཀྱི་ཆོས་དགེ་དགེ་བཤེས་ངག་དབང་དགེ་ལེགས་ལགས་ཀྱིས་༸རྒྱལ་བའི་ཞབས་བརྟན་སོགས་གསུང་སྐུལ་གནང་རྗེས་སྐུ་ཚབ་ངོ་ལས་ནས་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་སྒྲོན་འབུལ་ཞུས་རྗེས་སྐུ་ཚབ་དོན་གཅོད་མི་འགྱུར་རྡོ་རྗེ་ལགས་ཀྱིས་༸གོང་ས་མཆོག་གི་སྐུ་ཚེའི་མཛད་འཕྲིན་ནང་འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་གོང་མཐོར་གཏོང་གནང་མཛད་རྒྱུ་དང། ཆོས་ལུགས་མཐུན་སྒྲིལ།
དེ་བཞིན་བོད་མི་བདེ་དོན་ཆེད་ཐུགས་བརྩོན་མཛད་རྒྱུ་སོགས་ཀྱི་སྐོར་མཛད་འཕྲིན་སྙིང་བསྡུས་ཤིག་ངོ་སྤྲོད་གནང་བ་དང་སྦྲགས། རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་ཕྱི་ལོ་ ༡༩༨༩ ལོ་དང་ཕྱི་ལོ་ ༢༠༠༦ དེ་བཞིན་ཕྱི་ལོ་ ༢༠༡༢ བཅས་སོ་སོར་ནོ་བེལ་ཞི་བདེའི་གཟེངས་རྟགས་དང། ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ། དེ་བཞིན་དབྱིན་ཇིའི་སྙན་གྲགས་ཆེ་བའི་ཡི་ཤུའི་མཆོད་ཁང་དུ་འཛམ་གླིང་ནང་ཆོས་ཕྱོགས་ཀྱི་གཟེངས་རྟགས་སྙན་གྲགས་ཆེ་ཤོས་ཊེམ་པལ་ཊོན་སོགས་འབུལ་བཞེས་མཛད་པ་དེས་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་མགོན་པོ་གང་ཉིད་མཆོག་གི་སྐུའི་གསང་བ་གསུམ་གྱི་མཛད་རྗེས་ལ་ངོས་འཛིན་དང་ཡི་རང་བསྔགས་བརྗོད་ཞུས་པ་ཞིག་ཡིན་སྐོར་སོགས་གསལ་བཤད་གནང། དེ་བཞིན་མཛད་སྒོའི་སྐབས་ལྷོ་ཨ་ཕི་རི་ཀའི་གཞས་མ་སྙན་གྲགས་ཅན་ལྕམ་སྐུ་ཊུ་ནོཀ་ཝེ་ (Tu Nokwe) ལགས་ཀྱིས་༸གོང་ས་མཆོག་ལ་བསྟོད་པའི་གླུ་དབྱངས་འབུལ་ལམ་ཞུས་པར་བརྟེན། སྐུ་མགྲོན་རྣམ་པས་དགའ་བསུ་ཆེན་པོ་ཞུས་ཡོད།
དེ་བཞིན་ཕྱི་ཚེས་ ༨ ཉིན་ལམ་རིམ་ཆོས་ཚོགས་ཀྱི་མདུན་ཐང་དུ་སྐུའི་འཁྲུངས་སྐར་གྱི་མཛད་སྒོ་སྲུང་བརྩི་ཞུ་ཆེད་སྐུ་ཚབ་དོན་གཅོད་དང་ཆོས་ཚོགས་ཀྱི་ཚོགས་མི་རྣམས་ཚང་འཛོམས་ཐོག་བསངས་གསོལ་གཟབ་རྒྱས་བཏང་། དེ་ནས་ཚོགས་བཅར་བ་རྣམས་ཆོས་ཚོགས་ཀྱི་ཚོགས་ཁང་ནང་དུ་ཕེབས་རྗེས་སྐུ་ཚབ་དོན་གཅོད་ཀྱིས་བཀའ་ཤག་གི་གསུང་བཤད་དབྱིན་ཡིག་ཐོག་ཡོད་པ་དེ་སྒྲོགས་སྦྱང་ཞུས་པ་མ་ཟད།
དགེ་བཤེས་ངག་དབང་དགེ་ལེགས་ལགས་ཀྱིས་༸གོང་ས་སྐུ་ཕྲེང་ ༡ ནས་ ༡༤ བར་གྱི་མཛད་རྣམ་སྙིང་བསྡུས་ཤིག་སྒྲོགས་སྦྱང་ཞུས། དེ་ནས་༸གོང་ས་མཆོག་སྐུ་ཚེ་༸ཞབས་པད་སྐལ་བརྒྱར་བརྟན་ཞིང་ཐུགས་ཀྱི་བཞེད་དགོངས་བགེགས་མེད་ལྷུན་གྱིས་འགྲུབ་ཆེད་ཆུ་ཚོད་གཅིག་རིང་ཞབས་བརྟན་སོགས་གསུང་འདོན་གནང་བ་མ་ཟད། འདི་ལོ་ལྷོ་ཨ་ཕི་རི་ཀའི་ཡི་ཤུའི་མཆོད་དཔོན་ཌེ་སི་མོན་ཊུ་ཊུ་མཆོག་གིས་བཞུགས་སྒར་དུ་༸གོང་ས་མཆོག་མཇལ་བཅར་ཞུས་པའི་མཛད་སྒོའི་བརྙན་འཕྲིན་ཞིག་ཀྱང་བསྟན་པས་སྐུ་མགྲོན་རྣམས་དགའ་ཚོར་ཆེན་པོ་བྱུང་ཡོད་པ་བཅས།།