༢༠༡༢ ཟླ་ ༧ ཚེས་ ༢༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༤ ནས་ ༡༥ ཉིན་གྲངས་གཉིས་རིང་རྒྱ་གར་གྱི་ཨུ་རྡ་པ་ཌི་ཤིའི་མངའ་སྡེའི་མཱ་ཐུ་ར་(Mathura) ས་གནས་སུ་འཕགས་བོད་འབྲེལ་མཐུད་ཚོགས་པ་དང་། ཧི་མ་ཡའི་མཐུན་ཚོགས། བལ་ཡུལ་རིག་གཞུང་མཐུན་ཚོགས་སོགས་ཀྱིས་ཚོགས་འདུ་ཚོགས་ཡོད་ཅིང་། ཚོགས་འདུའི་ཐོག་བོད་དོན་ལ་སྔར་ལྷག་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་རྒྱུའི་ཐག་གཅོད་བྱུང་འདུག དེ་ཡང་གནད་དོན་དེའི་སྐོར་ལྡི་ལི་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་དང་དབུས་རྒྱུན་ལས་སྐུ་ཞབས་མཱ་ཡེ་ཤི་མཆོག་གིས་གསར་འགྱུར་བརྒྱུད་ལམ་ཁག་ནང་གསུང་དོན།
ཐེངས་འདིའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུར་བོད་དོན་ཐོག་གྲོས་ཆོད་བཞག་ཡོད་པ་མ་ཟད། ལོ་ལྟར་ཕྱི་ཟླ་གསུམ་པའི་ཚེས་བཅུའི་ཉིན་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་སྲུང་བརྩི་ཞུ་རྒྱུ་དང་། དེ་བཞིན་ཕྱི་ལོ་ ༡༩༦༢ ལོར་རྒྱ་གར་དང་རྒྱ་ནག་དབར་དམག་འཁྲུག་བྱུང་བའི་ཉིན་མོ་དྲན་གསོ་བྱ་རྒྱུ་ཡིན། ཕྱི་ལོ་ ༡༩༦༢ ཟླ་ ༡༡ ཚེས་ ༡༤ ཉིན་རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་ནང་རྒྱ་ནག་གིས་རྒྱ་གར་ས་མཚམས་ནས་ས་ཆ་མང་པོ་བཙན་བཟུང་བྱས་ཡོད་པའི་སྐོར་གྲོས་བསྡུར་བྱུང་ཡོད་པའི་ཉིན་མོ་སྲུང་བརྩི་ཞུ་རྒྱུ་དང། དེ་བཞིན་རྒྱ་གར་གྱི་མང་ཚོགས་ནང་བོད་ཀྱི་དཀའ་རྙོག་དེ་ནི་རྒྱ་གར་གྱི་དཀའ་རྙོག་དང་གནད་དོན་ཞིག་ཡིན་པ་ངོ་སྤྲོད་ཀྱིས་གོ་རྟོགས་སྤེལ་རྒྱུའི་ལས་འགུལ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་འདུག ཕྱོགས་མཚུངས་རྒྱ་གར་དབུས་གཞུང་ལ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་བརྒྱུད་ནས་རྒྱ་གར་གྱི་ས་ཁྲའི་ནང་བོད་དེ་བཞིན་རྒྱལ་ཁབ་སོ་སོ་ཞིག་ཡིན་པ་གསལ་སྟོན་བྱེད་དགོས་པའི་འབོད་སྐུལ་ཞུ་རྒྱུ་སོགས་ཀྱི་ཐག་གཅོད་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་འདུག་པ་བཅས། །