༢༠༡༢ ཟླ་ ༧ ཚེས་ ༢༠ རེས་གཟའ་པ་སངས།
༅༅། །བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༩ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤ ཐོག་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཐོག་བོད་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་འབར་ཁམས་རྫོང་། རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་དགེ་འདུན་པ་རང་ལོ་ ༡༨ ཡིན་པ་བློ་བཟང་བློ་འཛིན་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ། འདས་གྲོངས་སུ་གྱུར་བར་བརྟེན་ཁོང་གིས་གཙོས་གཞིས་བྱེས་གཉིས་སུ་གནས་པའི་དཔའ་བོ་ཕོ་མོ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་སྐྱེའི་མྱ་ངན་རྗེས་དྲན་ཞུ་སླད་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་མཆོད་འབུལ་སྨོན་ལམ་གསུང་འདོན་གནང་ཡོད། སྐབས་དེར་བཀའ་བློན་ཁྲི་ཚབ་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་མཆོད་འབུལ་སྨོན་ལམ་དང་འབྲེལ་བའི་བཀའ་ཤག་གི་གཏམ་བཤད་སྒྲོགས་སྦྱང་གནང་བའི་ནང་འཁོད་དོན།
དེ་རིང་གི་གཞུང་འབྲེལ་སྨོན་ལམ་འདུ་འཛོམས་འདིའི་ཚོགས་མགོན་དུ་ཕེབས་པའི་རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེས་དབུས་པའི་སྐྱབས་གནས་དགེ་འདུན་གྱི་སྡེ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་དབུས་པའི་ལས་བྱེད་རྣམ་པ། བཞུགས་སྐར་ས་གནས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འགོ་འཐུས་རྣམ་པ། ས་གནས་མང་ཚོགས་བཅས་ཚང་མ་འདིར་ཕེབས་འཛོམས་གནང་བར་ཐུགས་རྗེ་ཆེ་ཞུ་བ་ཆབས་ཅིག་སྙན་གསན་ཐུང་ཙམ་ཞུ་རྒྱུར།
གསར་འགྱུར་བརྒྱུད་ལམ་ཁག་ནས་ཚང་མས་མཁྱེན་རྟོགས་ཡོད་པ་བཞིན། ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༧ ཉིན་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡༢ ཡོལ་ཙམ་ལ། མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ། འབར་ཁམས་རྫོང། རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་གྲྭ་མཚན་ལ་བློ་བཟང་བློ་འཛིན་དང་། རང་ལོ་ ༡༨ ཡིན་པ་ཁོང་གིས་ཀིརྟི་དགོན་པའི་གླིང་དཀྱིལ་གྱི་འདུ་ཁང་དུ། རྒྱ་ནག་གཞུང་ལ་ཞི་བའི་སྐད་འབོད་གནང་བཞིན་པར། རང་ལུས་མེས་བསྲེགས་བཏང་སྟེ་འདས་གྲོངས་སུ་གྱུར་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག
རྒྱལ་གཅེས་སྐུ་གཤེགས་བློ་བཟང་བློ་འཛིན་དེ་ཉིད་ནི། རྒྱལ་རོང་ཚོ་བདུན་ཞང་ཁོ་ལ་ཅང་སྡེ་པའི་མཁར་མགོ་ཚང་ཞེས་པ་ནས་ཡིན་པ་དང་། ཡབ་ཀྱི་མཚན་ལ་འབྱོར་རྒྱས་དང་། ཡུམ་གྱི་མཚན་ལ་ཚེ་པོ་པོ་ཞུ་གི་ཡོད་འདུག ཁོང་རང་ཆུང་ཆུང་སྐབས་ནས་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པར་ཆོས་ཞུགས་གནང་སྟེ་འཛིན་གྲྭའི་ནང་ནས་སློབ་སྦྱོང་དང་ཀུན་སྤྱོད་གཉིས་ཀ་རྩེ་ཕུད་གྲས་ཡིན་འདུག ད་ལྟ་ཁོང་གི་ཁྱིམ་ཚང་དེར་ནང་མི་ ༥ ཡོད་འདུག
རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་མཚན་དངོས་དགེ་ལྡན་བཀྲིས་ཆོས་གླིང་ཡིན་འདུག་ཅིང་། དགོན་པ་དེ་ནི་མདོ་སྨད་རྒྱལ་རོང་ཁུལ་གྱི་དགོན་པ་ཆེ་ཤོས་ཤིག་ཡིན་པ་དང་། དེང་སང་དགེ་འདུག་ཞལ་གྲངས་ ༣༠༠ ལྷག་ཡོད་འདུག
དེར་བརྟེན་དེ་རིང་གི་མཆོད་འབུལ་སྨོན་ལམ་འདི་བཞིན་རང་རེའི་བསྟན་སྲིད་རྩ་དོན་གྱི་ཆེད་དུ་རང་སྲོག་བློས་བཏང་མཁན་རྒྱལ་གཅེས་སྐུ་གཤེགས་བློ་བཟང་བློ་འཛིན་དེ་ཉིད་ཀྱི་ཆེད་དུ་འཚོགས་པ་ཞིག་ཡིན་པས། ཕྲན་ནས་བཀའ་ཤག་དང་བོད་མིའི་སྒྲིག་འཛུགས་སྤྱིའི་ཚབ་ཞུས་ཏེ་སྐུ་གཤེགས་དམ་པ་ཁོང་ལ་མྱ་ངན་གུས་འདུད་ཞུ་རྒྱུ་དང་། ཁོང་གི་ཤུལ་ལྷག་ནང་མི་རྣམས་ལ་སེམས་གསོ་གཏིང་ཟབ་རྒྱུ་རྒྱུ་ཡིན། འདིར་ཕེབས་པ་ཚང་མས་ཀྱང་དམ་པ་དེ་ཉིད་ཀྱི་ཆེད་བསྔོ་སྨོན་མཚམས་སྦྱོར་ཟབ་སྨིན་དང་། ཁོང་གི་རེ་དོན་གང་ཡོད་མྱུར་དུ་འགྲུབ་པའི་ཐུགས་སྨོན་སྐྱབས་འཇུག་གནང་རོགས་ཞུ་རྒྱུ་ཡིན།
སྐུ་གཤེགས་བློ་བཟང་བློ་འཛིན་ལགས་ནི། ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་དུ་རང་ལུས་མེར་བསྲེགས་གནང་མཁན་ ༤༤ པ་དེ་ཡིན་པ་དང་། རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་གྱུར་མཁན་ ༣༤ དེ་ཆགས་ཡོད། འདས་པའི་ལོ་ངོ་བཞིའི་ནང་གཞིས་བཞུགས་བོད་རིགས་སྤུན་ཟླ་ ༤༤ ཡིས་རང་ལུས་མེར་བསྲེགས་གནང་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི། རྒྱ་ནག་གཞུང་ནས་བོད་དང་བོད་མིའི་ཐོག་མཁྲེགས་འཛིན་དང་ལག་བསྟར་བྱེད་པའི་སྲིད་བྱུས་དེ་དག་ཡིན་པས། རྒྱ་ནག་གཞུང་གི་ངོས་ནས་བོད་ཀྱི་དཀའ་རྙོག་དེ་སེལ་དགོས་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ན། ད་བར་བོད་དང་བོད་མིའི་ཐོག་མཁྲེགས་འཛིན་དང་ལག་བསྟར་བྱེད་པའི་སྲིད་བྱུས་དེ་དག་ལ༌བསྐྱར་ཞིབ་ཀྱིས་འགྱུར་བ་ངེས་པར་གཏོང་དགོས་ཞེས་ནན་བརྗོད་བྱ་རྒྱུ་ཡིན། དེ་བཞིན་བཙན་བྱོལ་དུ་ཡོད་པའི་བོད་མི་ཡོངས་ནས་བོད་ཀྱི་རྩ་དོན་ཆེད་དུ་རང་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་སྤུན་ཟླ་ཕོ་མོ་དེ་དག་གིས་འཆི་ཁའི་ཁ་ཆེམས་ཀྱི་ངོ་བོར་བཏོན་པའི་རེ་དོན་རྣམས་བསྒྲུབ་ཐུབ་པའི་དམ་བཅའ་བརྟན་པོ་དང་འབད་རྩོལ་ལྷོད་མེད་ངེས་པར་གནང་དགོས་ཞེས་དྲན་བསྐུལ་ཞུ་རྒྱུ་ཡིན། བཀའ་ཤག་ནས་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༨ ལ།།
་