༢༠༡༢ ཟླ་ ༧ ཚེས་ ༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༦ ཉིན་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་དུ་རྟེན་གཞི་བྱས་པའི་ལྷོ་སྤྱི་ལས་ཁུངས་ཀྱིས་གོ་སྒྲིག་འོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། དེ་ཡང་ཐོག་མར་བྷེང་ལོར་དུ་གནས་སྡོད་བོད་མི་རྣམས་ཀྱིས་བསངས་གསོལ་བཏང་སྟེ་མཛད་སྒོ་དབུ་འཛུགས་གནང་ཡོད།
དེ་རྗེས་ཚང་མ་ལྷན་འཛོམས་ཐོག་ལྷོ་སྤྱི་ཀརྨ་སེང་གེ་ལགས་ཀྱིས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་གནང་ཡོད། སྐབས་དེར་སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཌི་བྷི་ཅན་ཌེ་རེ་ (Shri. D.B. Chandre) མཆོག་ཡིན་པ་དང། བོད་མི་མང་སྤྱི་འཐུས་རྒྱ་རི་བུ་ཕྲུག་ལགས་ཀྱང་ཕེབས་ཡོད། ཐེངས་འདིར་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་ཀར་ན་ཊ་ཀ་མངའ་སྡེའི་བློན་ཆེན་(Chief Minister D.V Sadananda Gowda) མཆོག་དང་ཀར་ན་ཊ་ཀ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཀེ་ཇི་བྷོ་པ་ཡ་ K G Bopaiah མཆོག་རྣམ་གཉིས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་གྱི་དུས་ཆེན་ལ་འཚམས་འཕྲིན་འབུལ་ལམ་ཞུས་པ་དེ་སྒྲོགས་སྦྱང་གནང་ཡོད།
དེ་ཡང་མངའ་སྡེའི་བློན་ཆེན་མཆོག་གི་འཚམས་འཕྲིན་ནང་འཁོད་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་རྒྱལ་སྤྱིའི་ནང་ཧ་ཅང་སྙན་གྲགས་ཆེ་བའི་འཚེ་མེད་ཞི་བའི་དབུ་ཁྲིད་གཅིག་ཡིན་པ་དང། ནོ་བེལ་ཞི་བདེའི་གཟེངས་རྟགས་དང་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ། དེ་བཞིན་ཊེམ་པལ་ཊོན་གཟེངས་རྟགས་སོགས་འབུལ་བཞེས་མཛད་པ་དེས་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་འགྲོོ་བ་མིའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་ཐབས་ཀྱི་མཛད་རྗེས་ལ་རྒྱལ་སྤྱིས་ངོས་འཛིན་ཐོབ་པ་ཞིག་མཚོན་བཞིན་ཡོད། ཅེས་སོགས་འཁོད་ཡོད་པ་བཅས།།