༄༅། །དེ་ཡང་ཌལ་ཧོར་ས་གནས་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་བྱམས་ཆེན་ལགས་ནས་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༠ ཞོགས་པ་ས་གནས་གཞོན་ནུའི་ཚོགས་མི་ ༢༡ ཙམ་ནས་པ་ཋན་ཀོཊ་གྷན་དྷིའི་གསུམ་མདོར་སྣེ་བསུ་ཞུས་ཤིང། དེར་ཞོགས་པ་ཆུ་ཚོད་པའི་ཐོག་འབྱོར་འདུག ས་གནས་གཞོན་ནུའི་འཐུས་མི་རྣམས་རྒྱུད་ལམ་མང་དག་གདན་འདྲེན་ཞུས་འདུག་པ་དང། དེར་མཛད་སྒོ་བསྡུས་ཙམ་དང་འབྲེལ་བདེན་པའི་མེ་ལྕེ་རྩིས་བཞེས་ཀྱིས་སྦག་སྦག་ཉི་ཤུ་རྩ་གྲངས་དང་བཅས་ཌལ་ཧོར་དུ་བསྣམས་འདུག་པ་དང།
ཌལ་ཧོར་གྷན་དྷའི་གསུམ་མདོར་ཞོགས་པ་ཆུ་ཚོད་ ༡༡ ཙམ་ལ་འབྱོར་བར་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་དང། ས་གནས་འགོ་འཛིན་གཙོས་མི་མང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཅས་ནས་སྣེ་བསུ་གཟབ་རྒྱས་གནང་བ་དང་འབྲེལ་མཛད་སྒོ་འཚུགས་འདུག དེ་ནས་ཉིན་གསུམ་རིང་ཌལ་ཧོར་ས་ཁུལ་ཡོངས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་ས་རྟགས་བསྡུ་རུབ་གནང་འཆར་རེད་འདུག ཌལ་ཧོར་ཁུལ་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྐབས་འགྲོ་གྲོན་ཆ་ཚང་ས་གནས་རང་བདེན་ཚོགས་ཆུང། ས་གནས་གཞོན་ནུ་ལྷན་ཚོགས་དང། ས་གནས་བུད་མེད་ལྷན་ཚོགས་བཅས་ནས་ནར་གཏོང་གནང་རྒྱུ་ཡིན་འདུག ཤྲི་ན་གར་བོད་མིའི་སུད་ཚོང་མི་འཐུས་གཉིས་ནས་ཚེས་ ༡༩ ཉིན་ཤྲི་ན་གར་ནས་བདེན་པའི་མེ་ལྕེ་སྐྱེལ་བར་ཕེབས་པར་ལམ་བར་དུ་ཆར་པ་འབབ་པར་བརྟེན་འགྲོ་ལམ་འགག་པས་དཀའ་ངལ་ཆེ་ཙམ་བྱུང་འདུག་བཅས་ཀྱི་གསར་གནས་སུ།