༢༠༡༢ ཟླ་ ༧ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༤ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གོ་སྒྲིག་གནང་བའི་བདེན་པའི་མེ་ལྕེ་རྒྱ་གར་གྱི་ས་ཕྱོགས་གསུམ་ནས་སྐོར་སྐྱོད་གནང་བཞིན་ཡོད་ཁོངས་ནས་ལ་དྭགས་རྒྱལ་ས་སླེ་ནས་འགོ་འཛུགས་གནང་བ་དེ་བཞིན་བཞུགས་སྒར་རྡ་སར་འབྱོར་ཡོད།
དེ་ཉིན་ཆུ་ཚོད་ ༢།༣༠ ཐོག་ཀང་ར་རྫོང་ནས་མི་ཊར་ ༦༠ ཙམ་དུ་ཡོད་པའི་ནུར་པུར་ (Nurpur)གྲོང་སྡེའི་ནང་ཌལ་ཧོར་ས་གནས་གྲོས་ཚོགས་དང་རང་བདེན་ཚོགས་ཆུང་། གཞོན་ནུ། མི་མང་བཅས་ཀྱིས་སྦག་སྦག་གྲངས་ ༡༥ ཐོག་བདེན་པའི་མེ་ལྕེའི་སྐོར་སྐྱོད་དེ་འབྱོར་རྗེས་ནུར་པུར་ས་གནས་ཀྱི་ཧི་མ་ཅཱལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ར་ཀེ་ཤི་(Rakash Pathania M.A Nurpu)ལགས་ཀྱིས་ཌལ་ཧོར་ས་གནས་གཞོན་ནུའི་རྒྱུན་ལས་བསྟན་འཛིན་བློ་གྲོས་ལགས་ཀྱི་ཕྱག་ནས་བཞེས་ཏེ་རྡ་སའི་ས་གནས་འགོ་འཛིན་བསོད་ནམས་རྡོ་རྗེ་ལགས་སུ་བརྒྱུད་སྤྲོད་གནང་།
དེ་རྗེས་གྲོང་སྡེའི་གསར་འགོད་འཐུན་ཚོགས་ཀྱི་ཚོགས་ཁང་དུ་རྒྱ་གར་གྲོང་སྡེའི་ས་གནས་གྲོས་ཚོགས་འཐུས་མི་དང་གྲོང་སྡེ་ལས་ཁུངས་ཁག་གི་གནད་ཡོད་མི་སྣ། བོད་དོན་རྒྱབ་སྐྱོར་བ། ཌལ་ཧོར་དང་རྡ་ས་ས་གནས་གྲོས་ཚོགས་ཀྱི་འཐུས་ཚབ། རང་བདེན་ཚོགས་ཆུང་གི་ཚོགས་མི། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ཁྱོན་མི་གྲངས་ ༢༠༠ བརྒལ་བ་ལྷན་འཛོམས་ཐོག་རྡ་ས་ས་གནས་འགོ་འཛིན་གྱིས་གསུང་དོན། གྲོང་སྡེ་འདིར་བོད་དོན་ལས་འགུལ་ཐོག་མ་ཆགས་ཡོད་པ་མ་ཟད། བོད་པ་གནས་སྡོད་བྱེད་མཁན་མེད་ཀྱང་། ཡུལ་མིའི་ངོས་ནས་བོད་དོན་ལས་འགུལ་ལ་རྒྱབ་སྐྱོར་གནང་རྒྱུ་ནི་རྒྱ་གར་མི་མང་གི་ཁེ་ཕན་དང་བོད་དོན་རྒྱབ་སྐྱོར་གལ་ཆེ་ཡིན་སྐོར་གསུངས་པ་མ་ཟད། བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་ལས་འགུལ་ངོ་སྤྲོད་གནང་། དེ་ནས་སྐུ་མགྲོན་གཙོ་བོ་སྐུ་ཞབས་ར་ཀེ་ཤི་(Rakash Pathania M.A Nurpu) ལགས་ཀྱིས་གསུང་བཤད་གནང་རྗེས་བདེན་པའི་མེ་ལྕེ་བརྒྱུད་སྤྲོད་ཀྱི་མཛད་སྒོ་གྲོལ།
དེ་རྗེས་ནུར་པུར་ས་གནས་ནས་ཐོན་ཏེ་བཙུན་དགོན་ཏེ་ལོ་པུར་དང་འཇམ་དབྱངས་ཆོས་གླིང་གཉིས་སུ་འབྱོར་སྐབས། བཙུན་མ་རྣམས་ཀྱིས་བདེན་པའི་མེ་ལྕེར་མཇལ་དར་བསྒྲོན་ཡོད། དེ་ནས་ཕྱི་དྲོ་ཆུ་ཚོད་ ༥ ཐོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་འབྱོར་ཏེ་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་དང་། བོད་མི་མང་སྤྱི་འཐུས་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས། བོད་མི་མང་སྤྱི་འཐུས་བསོད་ནམས་རྒྱལ་མཚན་ལགས་བཅས་ཀྱིས་བདེན་པའི་མེ་ལྕེར་མཇལ་དར་བསྒྲོན་རྗེས་རྡ་སའི་ས་གནས་འགོ་འཛིན་གྱིས་ལས་འགུལ་ངོ་སྤྲོད་གནང་གྲུབ་མཚམས།
སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་ཀྱིས་བདེན་པའི་མེ་ལྕེ་སྐོར་སྐྱོད་འདི་ནི་བོད་ནང་གི་བོད་མིའི་ལྷག་བསམ་དང་བདེན་པའི་སྙིང་སྟོབས་མཚོན་བྱེད་ཙམ་མ་ཟད། ལས་འགུལ་གལ་ཆེ་ཞིག་ཡིན་པའི་སྐོར་གསུངས་ཏེ་སློབ་མ་རྣམས་ཀྱི་ཁྲོད་སྐོར་སྐྱོད་གནང་སྟེ་གྲོལ་ཡོད། ཕྱི་ཚེས་ ༢༥ ཉིན་ས་རཱ་མཐོ་སློབ་ནས་རྡ་ས་བོད་ཁྱིམ་ལ་བརྒྱུད་སྤྲོད་ཀྱི་སྐོར་སྐྱོད་དང་། ཕྱི་ཚེས་ ༢༦ ཉིན་བོད་ཀྱི་ཟློས་གར་ཚོགས་པ་དང་རྡ་ས་མི་མང་ལ་བརྒྱུད་སྤྲོད་གནང་རྗེས་ཕྱི་དྲོ་ཆུ་ཚོད་ ༤ ཐོག་བཀའ་བློན་ཁྲི་པ་དབུ་བཞུགས་ཐོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་མཛད་སྒོ་ཚོགས་ཏེ་རྡ་ས་ཁྲོམ་གཞུང་དུ་མར་མེའི་ཁྲོམ་སྐོར་རྒྱ་ཆེ་ཞིག་ཀྱང་གནང་རྒྱུ་ཡིན་འདུག་པ་བཅས། །