༢༠༡༢ ཟླ་ ༧ ཚེས་ ༢༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༠ ཉིན་ཨི་ཤེ་ཡའི་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པའི་བཅའ་དྲིའི་སྐབས་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་བོད་ནང་གི་བོད་མིས་རང་ལུས་མེར་སྲེག་བཏང་དང་གཏོང་མུས་ཡིན་པའི་གནད་དོན་དེ་བཞིན་རྒྱ་ནག་གཞུང་ལ་ཐུག་ཡོད་སྐོར་གསུངས་འདུག
དེ་ཡང་བཀའ་ཁྲི་མཆོག་གིས་བོད་ནང་གི་བོད་མིས་རང་ལུས་མེར་སྲེག་བཏང་དང་གཏོང་མུས་ཡིན་པའི་གནད་དོན་སྐོར་ལ་གསུང་དོན། བོད་ནང་གི་བོད་མིས་རང་ལུས་མེར་སྲེག་གནད་དོན་ཐོག་བཀའ་ཤག་ནས་རྒྱལ་སྤྱིའི་སྟེང་དྲིལ་བསྒྲགས་བྱས་པ་དང་ཆབས་ཅིག་རྒྱབ་སྐྱོར་རག་རྒྱུར་གལ་གནད་ཆེན་པོ་རྩི་བཞིན་ཡོད། རང་ལུས་མེར་སྲེག་གི་དོན་རྐྱེན་ནི་བོད་ནང་གི་བོད་མི་ཚོས་འུ་ཐུག་ཐབས་ཟད་ནས་ཆབ་སྲིད་ཀྱི་ཞི་རྒོལ་གནང་བ་ཞིག་ཆགས་ཡོད། བཀའ་ཤག་གི་ངོས་ནས་ལས་འགུལ་དེ་རིགས་གསར་འགོད་གསལ་བསྒྲགས་ནང་གསལ་པོ་བཀོད་ཡོད། དམ་འབུལ་སྐབས་ནས་བོད་ནང་གི་བོད་མི་ཚོར་ངོ་རྒོལ་བྱོས་ཞེས་ང་ཚོས་ནམ་ཡང་འབོད་སྐུལ་ལམ་བརྒྱུད་བསྐུལ་རྩ་བ་ནས་བྱེད་མྱོང་མེད། རྒྱུ་མཚན་གང་ལ་ཞེ་ན། བོད་མིས་ཞི་༞རྒོལ་བྱས་ན། འཛིན་བཟུང་བཙོན་འཇུག་དང་ཉེས་རྡུང་གཏོང་གི་ཡོད། དེར་བརྟེན་ང་ཚོ་ཕྱི་ཕྱོགས་སུ་གནས་ཡོད་མཁན་གྱི་བོད་མི་ཚོས་བོད་ནང་དུ་བཞུགས་ཡོད་པའི་བོད་མི་ཚོར་ཞི་རྒོལ་བྱེད་དགོས་ཞེས་བརྗོད་ཐབས་རྩ་བ་ནས་མེད། འོན་ཀྱང་ཁོང་རྣམ་པས་ཞི་རྒོལ་སྐབས་ཀྱི་འབོད་སྒྲ་དང་རེ་འདུན་ལ་རྒྱབ་སྐྱོར་བྱ་རྒྱུ་ང་ཚོའི་འགན་འཁྲི་ཡིན། དེ་བཞིན་ཕྱི་ཟླ་ ༡། ༢། ༣ བཅས་སོ་སོར་བཀའ་ཤག་ཐོག་ནས་ཉེན་ཚབས་ཆེ་བའི་ལས་འགུལ་མ་སྤེལ་རོགས་གནང་ཞེས་འབོད་སྐུལ་ཞུས་ཡོད། ང་ཚོ་ནང་པ་ཞིག་ཡིན་པའི་ཆ་ནས་རང་སྲོག་བློས་གཏོང་གནང་མཁན་ཚོར་མཆོད་འབུལ་སྨོན་ལམ་འཚོགས་རྒྱུ་ནི་ང་ཚོའི་འགན་རེད། ང་ཚོ་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ཡིན། ཁོང་རྣམ་པས་རང་སྲོག་མེར་སྲེག་གཏོང་དགོས་ཐུག་པའི་རྒྱུ་མཚན་ཤེས་པའི་ཐོག་ནས་གདུང་སེམས་སྐྱེའི་ལས་འགུལ་སྤེལ་དགོས་ཀྱི་རེད། མི་སུ་འདྲ་ཞིག་ཡིན་ཡང་རང་སྲོག་རྩ་ཆེན་པོ་ཡིན་པ་ཤེས་ཀྱི་ཡོད། འོན་ཀྱང་བོད་ནང་གཏམ་བརྗོད་ཀྱི་རང་དབང་མེད་སྟབས། ལས་འགུལ་གཞན་གང་འདྲ་ཞིག་སྤེལ་རྒྱུའི་ཐབས་ལམ་མེད་པར་བརྟེན། དེ་ལྟར་གནང་བཞིན་ཡོད། དེ་བཞིན་རང་ལུས་མེར་སྲེག་གི་དོན་རྐྱེན་རྒྱ་ནག་གཞུང་ལ་ཐུག་ཡོད་པར་བརྟེན། ལས་འགུལ་དེ་མཚམས་འཇོག་བྱ་རྒྱུའི་ཐབས་ལམ་ཡང་རྒྱ་གཞུང་ལ་ཡོད། ཅེས་གསུངས།
མཐར་བཀའ་ཁྲི་མཆོག་གིས་བཀའ་ཤག་གི་ངོས་ནས་བོད་རྒྱ་འབྲེལ་མོལ་དེ་བཞིན་ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེ་བ་རྩི་བཞིན་ཡོད་སྐོར་གསུང་དོན། དེ་སྔ་བོད་རྒྱ་འབྲེལ་མོལ་སྐབས་བོད་སྤྱི་ཡོངས་ཀྱི་གནས་སྟངས་ཐོག་བཀའ་མོལ་གནང་གི་ཡོད་པ་ཡོངས་གྲགས་ཡིན། ད་རེས་དམིགས་བསལ་སྐུ་ཚབ་བསྐོ་གཞག་བྱེད་དགོས་ཀྱི་ཡོད་ན། བཅའ་ཁྲིམས་དོན་ཚན་དང་པོའི་ནང་གསེས་གསུམ་པའི་ནང་ཧ་ཅང་གསལ་པོ་ཡོད། གལ་ཏེ་རྒྱ་ནག་གཞུང་ནས་ཡིན་གཅིག་མིན་གཅིག་སྐུ་ཚབ་༸གོང་ས་མཆོག་གིས་བསྐོ་གཞག་མཛད་པ་ཞིག་དགོས་ཞེས་བརྗོད་ན། དེ་སྔ་ང་ཚོའི་གསར་འགོད་གསལ་བསྒྲགས་ནང་ཧ་ཅང་གསལ་པོ་བཀོད་ཡོད་པ་ལྟར། ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེ་བ་རྩི་བཞིན་ཡོད། དེར་བརྟེན་དོན་སྙིང་བོད་དོན་སྒྲུབ་ཆེད་སྐུ་ཚབ་གང་འདྲ་ཞིག་བསྐོ་གཞག་བྱེད་དགོས་བརྗོད་ཀྱང་དེ་ལྟར་བསྐོ་རྒྱུ་ཡིན། ཞེས་གསུངས་ཡོད་པ་བཅས། །