༢༠༡༢ ཟླ་ ༧ ཚེས་ ༢༤ རེས་གཟའ་མིག་དམར།
༄༅། །འདི་གར་ཨ་རིའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲིས་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༣ ཉིན་བཏང་གནས་ནང་འཁོད་དོན། བཀའ་བློན་ཁྲི་པ་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་ལས་འཆར་ཁག་ལེགས་གྲུབ་ཀྱིས་ཕྱི་ཚེས་ ༢༠ ཉིན་ནིའུ་ཡོཀ་ཏུ་ཕེབས་འབྱོར་བྱུང་ཡོད། ཉིན་དེའི་དགོང་དྲོ་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་དང༌། ནིའུ་ཡོཀ་དང༌ནིའུ་ཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ཐུང་མོང་གིས་གོ་སྒྲིག་འོག ཤལ་རི་ཊོན་མགྲོན་ཁང་ནང་སྤྱི་མཐུན་ཚོགས་པའི་རིག་གཞུང་བསྟི་གནས་ཁང་གི་དཔལ་འབྱོར་འདུ་འགོད་ཆེད་ཀྱི་དགོང་དྲོའི་གསོལ་སྟོན་སྐབས་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་དོན།
ནིའུ་ཡོཀ་དང་ནིའུ་ཇར་སི་ཁུལ་དུ་རིག་གཞུང་བསྟི་གནས་ཁང་གསར་སྐྲུན་ཆེད་ཁྱེད་ཚོས་དཀའ་ལས་བརྒྱབ་སྟེ་འཁུར་མཉམ་ལེན་གནང་བར་བསྔགས་བརྗོད་དང༌། རྒྱབ་སྐྱོར་ཡོད། ཅེས་དང༌།
བཀའ་ཁྲི་མཆོག་གིས་བར་ལམ་ཁོང་ཨོ་སི་ཊོ་ལི་ཡ་དང༌། ཉི་ཧོང༌། ཡུ་རོབ་བཅས་སུ་ཕེབས་པ་མ་ཟད། ཐེངས་འདིར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཕེབས་སྐབས་ཀྱི་གཞུང་འབྲེལ་ལས་དོན་རྣམས་འཆར་གཞི་སྔོན་སོང་ལྟར་ལེགས་གྲུབ་བྱུང་ཡོད་སྐོར་དང༌། རྒྱལ་ཁབ་སོ་སོའི་གནད་ཡོད་དཔོན་རིགས་རྣམས་དང་མཇལ་འཕྲད་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་ཀྱིས་མཚོན་བོད་དོན་སྐོར་ཞིབ་ཕྲ་གསལ་བཤད་ཞུས་པར། འབྲེལ་ཡོད་དབུ་ཁྲིད་ཚང་མས་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་མུ་མཐུད་ཞུ་རྒྱུའི་རྣམ་འགྱུར་གསལ་པོ་བསྟན་ཡོད་སྐོར་དང།
ལྷག་པར་བཀའ་ཁྲི་མཆོག་གིས་ཐེངས་འདིར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཨ་རིའི་གཞུང་གི་གནད་ཡོད་དཔོན་རིགས་རྣམས་དང་མཇལ་འཕྲད་སྐབས་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་དང༌། རྡ་ས་ནས་མཉམ་ཁྲིད་ལས་བྱེད་གཉིས་མཉམ་དུ་བཅར་བ་དེས་བོད་མིའི་སྒྲིག་འཛུགས་ཀྱི་ངོ་བོའི་ཐོག་ནས་བཅར་བ་ཞིག་ཡིན་པ་མཚོན་གྱི་ཡོད། ཅེས་གསུངས།
ཕྱོགས་མཚུངས་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་སྐབས་དེར་དགོང་དྲོའི་གསོལ་སྟོན་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་ངོ་སྤྲོད་གནང་བ་མ་ཟད། ནིའུ་ཡོཀ་དང༌། ནིའུ་ཇར་སི་ཁུལ་དུ་བཞུགས་མཁན་བོད་མི་སྤྱི་དང༌། ལྷག་པར་ཚོགས་པ་སྐྱིད་སྡུག་ཁག་དང། ས་གནས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་གསར་རྙིང་བཅས་ནས་སྔ་ཕྱི་བར་གསུམ་དུ་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ལྷག་དོན་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་རྣམས་ནས་འགན་འཁུར་འབད་བརྩོན་གང་ལེགས་གནང་བར་ཚོགས་ཡོངས་སུ་ལེགས་གསོའི་བསྔགས་བརྗོད་ཀྱང་གནང་ཡོད།
གཞན་ཡང་གསོལ་སྟོན་ཐོག་སྐུ་ཚབ་དོན་ཁང་གིས་འབོད་སྐུལ་ལྟར། བོད་མི་གཞས་པ་གྲགས་ཅན་བསྟན་འཛིན་འོད་ཟེར་ལགས་སོགས་ཀྱིས་གཙོས་གཞས་པ་གཞས་མ་ཁག་གཅིག་གིས་༸གོང་ས་མཆོག་ལ་བསྟོད་པ་དང༌། རང་ལུས་མེར་སྲེག་བཏང་བའི་སྐོར་གཞས་ཚིགས་བཟོས་ནས་གླུ་གཞས་ཕུལ་ཏེ་གདུང་སེམས་མཉམ་སྐྱེའི་རྣམ་པ་ཤུགས་ཆེ་བསྟན་ཡོད།
མཛད་སྒོའི་མཐའ་མར་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཀུན་དགའ་འཕྲིན་ལས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྐབས་ཚང་མས་སེམས་ཁུར་མཉམ་ལེན་གནང་བ་དང། གཞས་པ་དང་གཞས་མ། བཀའ་ཁྲི་མཆོག དེ་བཞིན་གཏོང་ཕོད་ཅན་སོགས་རྒྱབ་སྐྱོར་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག སྤྱི་མཐུན་ཚོགས་པའི་རྒྱུན་ལས་གསར་པའི་ངོས་ནས་རྒྱུན་ལས་རྙིང་པའི་ལས་དོན་རྣམས་མཇུག་སྐྱོང་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཡོད། ཅེས་གསུངས་ཏེ། དེ་ཉིན་གྱི་གསོལ་སྟོན་མཇུག་སྒྲིལ་གནང་ཡོད་པ་བཅས།།